འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་6ཉིན།

༄༅༎ཧྥི་ཅིས་རིམས་ནད་ཡལ་རྗེས་ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བ་ཡུལ་སྐོར་དུ་ཡོང་རྒྱུའི་རེ་སྒུག་བྱེད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་06ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་སུ་ཝ་ནས་གློག་འཕྲིན་འབྱོར་གསལ། ལྷོ་ཞི་བདེ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་རྒྱལ་ཁབ་ཧྥི་ཅི་ནི་རྒྱ་མཚོ་ཆེན་པོར་ཁྲ་རྒྱན་བཏབ་པའི་མུ་ཏིག་འདྲ་བ་དང་། ལོ་ལྟར་འཛམ་གླིང་ས་ཕྱོགས་ཁག་ནས་ཡོང་བའི་ཡུལ་སྐོར་བའི་ཡིད་དབང་འགུག་བཞིན་ཡོད། འོན་ཏེ་འདི་ལོ་ཐོན་པའི་ཏོག་གསར་རིམས་ནད་ཀྱིས་རྒྱལ་ཁབ་དེའི་ཡུལ་སྐོར་ལས་རིགས་ལ་སྔར་བྱུང་མ་མྱོང་བའི་ཤུགས་རྐྱེན་ཆེན་པོ་ཕོག་ཡོད། མིག་སྔར་རིམས་ནད་རིམ་བཞིན་ཞི་ལྷོད་དུ་ཕྱིན་པས་ཧྥི་ཅི་སྲིད་གཞུང་གིས་ཉིན་བཞིན་ཉམས་རྒུད་དུ་འགྲོ་བའི་ཡུལ་སྐོར་ལས་རིགས་སླར་གསོ་བྱེད་རྒྱུར་གཞོལ་འགོ་བརྩམས་ཏེ་རིམས་ནད་ཡལ་རྗེས་ཀྲུང་གོའི་ཡུལ་སྐོར་བ་ཚུད་པའི་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྐུ་མགྲོན་ལ་བསུ་བ་ཞུ་རྩིས་ཡོད་པ་རེད།
     ཧྥི་ཅིར་ཐུན་མིན་གྱི་ལྷོ་ཞི་བདེ་རྒྱ་མཚོ་ཆེན་པོའི་རིག་གནས་དང་ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས་ཡོད་པས་ལོ་ལྟར་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོའི་ཡིད་དབང་ཅིག་ཅར་དུ་འཕྲོག་གི་ཡོད། ཡུལ་སྐོར་ལས་རིགས་ཀྱིས་ཧྥི་ཅིའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་35%ཡན་བཟུང་བ་དང་། དེ་ནི་ཕྱི་དངུལ་གྱི་འབབ་འཕར་ཡོང་བའི་ལས་རིགས་ཆེ་ཤོས་ཡིན། ནཱ་ནུའུ་ཁུ་ཨའོ་པོ་ཀེ་སྤྲོ་གསེང་གྲོང་ཚོ་ནི་ཀྲུང་གོའི་ཡུལ་སྐོར་བ་ཚུད་པའི་ཕྱི་རྒྱལ་གྱི་ཡུལ་སྐོར་བས་དགའ་ཤོས་བྱེད་པའི་སྤྲོ་གསེང་གནས་མཆོག་གྲས་ཤིག་ཡིན། སྔོན་ཆད་ཀྱི་ཉམས་མྱོང་ལ་གཞིགས་ན་ཀྲུང་གོའི་ཡུལ་སྐོར་བས་སྤྱིར་ན་རྒྱལ་སྟོན་དང་དེ་བཞིན་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ཡུལ་སྐོར་དུ་ཡོང་གི་ཡོད།
     “ཧྥི་ཅིའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་ཀྲུང་གོའི་ཡུལ་སྐོར་བས་ནུས་པ་གལ་ཆེན་ཐོན་གྱི་ཡོད་ལ། ང་ཚོའི་སྤྲོ་གསེང་གྲོང་ཚོ་འདིར་ཡང་ལེགས་སྐྱེས་མི་དམན་པ་ཕུལ་ཡོད། ང་ཚོས་དེའི་ཐད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བ་རིམས་ནད་ཡལ་རྗེས་འདི་གར་ཧྥི་ཅིའི་ཚ་ཁུལ་གྱི་ཡུལ་ལྗོངས་ཉམས་སུ་མྱོང་བར་ཡོང་རྒྱུའི་རེ་བ་ཡོད”ཅེས་སྤྲོ་གསེང་གྲོང་ཚོའི་སྤྱི་ཁྱབ་ཅིང་ལི་སྨི་ལེ་ཡིས་བརྗོད།
     ཧྥི་ཅིའི་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། འདས་ཟིན་པའི་ལོ་ལྔའི་རིང་ལོ་ལྟར་ཀྲུང་གོའི་ཡུལ་སྐོར་བ་མི་ཐེངས་ཁྲི་5ལྷག་ཙམ་ཧྥི་ཅིར་ཡུལ་སྐོར་དུ་ཡོང་གི་ཡོད་པ་དེ་ནི་ཧྥི་ཅིར་ཡུལ་སྐོར་དུ་ཡོང་མཁན་ཕྱི་རྒྱལ་ཡུལ་སྐོར་བའི་མི་ཐེངས་ཨང་བཞི་པར་སླེབས་ཡོད། ཀྲུང་གོའི་ཡུལ་སྐོར་བས་ཧྥི་ཅིའི་ཡུལ་སྐོར་ལས་རིགས་ལ་ལེགས་སྐྱེས་འབུལ་ཚད་རྒྱལ་ཁབ་དེའི་ཡུལ་སྐོར་ལས་རིགས་ཀྱི་ཡོང་འབབ་བསྡོམས་འབོར་གྱི་5%ཙམ་བཟུང་ཡོད།
     དེ་སྔ་ཀྲུང་གོར་ཡོང་མྱོང་བའི་སྨི་ལིས་རིམས་ནད་ཡལ་རྗེས་ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འགུགས་ཐུབ་རྒྱུའི་ཡིད་ཆེས་ཀྱིས་ཁེངས་ནས་ཡོད། “ཐུན་མིན་གྱི་ཧྥི་ཅིའི་རིག་གནས་དང་། ལྟ་ན་སྡུག་པའི་ཚ་ཁུལ་གྱི་ཉམས་སྣང་། བྲོ་ཞིམ་གྱི་མཚོ་ཟས། སྤུས་ལེགས་ཀྱི་ཞབས་ཞུ་བཅས་ནི་ཧྥི་ཅིའི་ཡུལ་སྐོར་གྱི་ཁྱད་ཆོས་རེད། ཁྱད་ཆོས་འདི་དག་ཚང་མ་ང་ཚོའི་སྤྲོ་གསེང་གྲོང་ཚོ་ནས་མྱོང་ཚོར་བྱེད་ཐུབ། ཧྥི་ཀྲུང་རྒྱལ་ཁབ་གཉིས་དབར་གྱི་མཛའ་གྲོགས་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་ཡིད་ཆེས་ཡོད་ལ། ཀྲུང་གོའི་ཡུལ་སྐོར་བ་དེ་བས་མང་བ་རིམས་ནད་ཡལ་རྗེས་འདི་གར་ཡུལ་སྐོར་དུ་ཡོང་རྒྱུའི་རེ་བ་ཡོད”ཅེས་སྨི་ལིས་བཤད།