འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་6ཉིན།

༄༅།།ཀ་ཤུལ་གྲོང་ཚོའི་མང་ཚོགས་ཀྱིས་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲའོ་པིང་གིས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་06ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ● ལོ་44སླེབས་པའི་སྒྲོལ་མ་སྐྱབས་ནི་དེ་སྔ་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་། 2018ལོར་ཀ་ཤུལ་གྲོང་ཚོར་དབུལ་སྐྱོར་གནས་སྤོ་བྱས་ཏེ་སྲིད་གཞུང་གིས་བསྐྲུན་པའི་ཁང་པ་སྒོ་ར་ཅན་དུ་སྤོས་པ་དང་། ནང་མི་དྲུག་པོས་ཕྱུགས་རིགས་མགོ་གྲངས་40གསོ་ཚགས་བྱས་ཏེ་མར་དང་ཞོ་བཙོངས་པ་དང་གླ་པ་བརྒྱུགས་པར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་5ཙམ་བྱུང་སྟེ་སྔ་ས་ནས་དབུལ་སྒྲོལ་ཐུབ་ཡོད། “ད་ཆ་འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་སྒྲོལ་མ་སྐྱབས་ཀྱིས་ཐག་རིང་གི་རྩྭ་ཐང་ལ་ལྟ་བཞིན་དེ་ལྟར་བརྗོད།
    ● ཀ་ཤུལ་གྲོང་ཚོ་མིག་དཔེ་ལྟ་སར་གྱུར་པ་དང“ཁུལ་ཁོངས་ཡོངས་སུ་གད་སྙིགས་མེད་པ”དེའང་ཀན་ལྷོའི“གསེར་བྱང”ཞིག་ཏུ་གྱུར་ཡོད།
    ● 2019ལོར་ཀ་ཤུལ་གྲོང་ཚོ་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་དུ་གྱུར་པ་དང་ཡུལ་སྐོར་བའི་གྲངས་འབོར་ཧ་ཅང་མང་དུ་ཕྱིན་ཡོད། 
    ● ཀ་ཤུལ་དུ་མཛེས་ལྗོངས་དང་ཞིམ་ཟས་ཡོད་པ་མ་ཟད། གྲོང་ཚོ་ཡོངས་ཀྱི་དུད་ཚང་393གྱི་མི་1910ལ་མི་རེར་ལོར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.5བྱུང་ཡོད།
    ཀླུ་ཆུ་རྫོང་གི་རྩྭ་ཐང་གཡུ་མདངས་རབ་ཏུ་རྒྱས་ཤིང་། ལྟ་སྣང་དོད་པའི་བོད་བཟོའི་ཁང་པ་རྣམས་གྲལ་སྟར་འགྲིག་པོར་གནས་ཏེ་གནམ་སྔོན་སྤྲིན་དཀར་འོག་ཏུ་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཁྱད་ཆོས་ཤིག་མངོན་འོང་། འདི་ག་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀླུ་ཆུ་རྫོང་མཚོ་ཉིན་གྲོང་རྡལ་ཀ་ཤུལ་གྲོང་ཚོ་རེད།
    གྲོང་མི་ལྷ་མོ་སྐྱབས་ཀྱི་འབྲོག་པའི་སྤྲོ་སྐྱིད་ཁང་རིམ་སྤོར་སྒྱུར་བཀོད་བྱེད་བཞིན་ཡོད་པས། རྡོ་སྐས་རྩིག་པ་དང་། སྤང་འདིང་བ། ར་སྐྱོར་སྐོར་བ་སོགས་ཀྱི་ལས་ལ་བྲེལ་བཞིན་མཆིས། དེང་གི་འཚོ་བའི་སྐོར་གླེང་སྐབས་ལྷ་མོ་སྐྱབས་ཀྱིས་དགའ་ཚོར་ཆེན་པོས“སྔོན་མ་ཕྱུགས་འཚོ་སྐབས་སྦྲའི་ནང་སྡོད་ཀྱི་ཡོད་པས། སྒོ་ར་སྙིང་རྗེ་མོ་འདི་འདྲར་སྡོད་རྒྱུ་ཡོང་སྙམ་པ་བསམ་པའི་ཡུལ་ལའང་མེད”ཅེས་བརྗོད།
    དེ་སྔོན་ཀ་ཤུལ་གྲོང་ཚོར་དུད་ཚང་60ཙམ་ལས་མེད་ཅིང་། རྩྭ་ཆུ་གང་བཟང་དུ་སྐྱས་སྤོས་ནས་འགྲོ་བ་དང་ཕྱིས་སུ་གཏན་འཇགས་ཀྱི་འཚོ་བ་སྐྱེལ་ས་བརྒྱབ་ཀྱང་སྐབས་དེ་དུས་ཀྱི་འཚོ་བ་དེ་ཙམ་བློ་ལ་བབས་པ་ཞིག་མེད།
   “སྐབས་དེ་དུས་ལྕི་བ་དང་། རིལ་མ། གད་སྙིགས་སོགས་གང་སར་མཐོང་རྒྱུ་ཡོད་ལ། སྒོ་ར་གང་བྱུང་དུ་སྐོར་མཁན་མང་པོ་ཡོད། ལྷག་པར་དུ་ཆར་པ་བཏང་ན་གང་སར་འདམ་བག་གིས་ཁེངས་ནས་འགྲོ་ཐབས་བྲལ”ཞེས་ལྷ་མོ་སྐྱབས་ཀྱིས་དྲན་གསོ་བྱེད་བཞིན་དུ་དེ་ལྟར་བརྗོད། ལྷ་མོ་སྐྱབས་ཀྱིས་བརྗོད་པའི“སྐབས་དེ་དུས”ཟེར་བ་ནི་དུས་ཚོད་རིང་པོ་ཕྱིན་མེད་པར་ལོ་འགའ་ཤས་ཀྱི་གོང་དུ་རེད། འོན་ཀྱང་ལོ་ཁ་ཤས་ལས་མ་ཕྱིན་ཀྱང་ད་ཆ་ཀ་ཤུལ་གྲོང་ཚོའི་རྣམ་པ་རྦད་དེ་གསར་རྐྱང་དུ་གྱུར་ཡོད།
    2015ལོར་ཀན་ལྷོས“ཁུལ་ཡོངས་སུ་གད་སྙིགས་གཙང་སེལ”བྱེད་པའི་དམིགས་ཚད་བཏོན་པས་ཀ་ཤུལ་གྲོང་ཚོས་ཀྱང་གད་སྙིགས་གཙང་སེལ་བྱེད་འགོ་ཚུགས།
   “དང་ཐོག་ལས་བྱེད་པས་གྲོང་ཚོར་བསྐྱོད་ནས་གད་སྙིགས་བསྒྲུགས་པས། གྲོང་མི་ཚོས་ང་ཚོར་ལས་ཀ་མེད་པ་རེད་སྙམ་གྱི་འདུག མཚམས་རེ་ལུག་རྫི་དང་ཕྱུགས་རྫིར་འགྲོ་སྐབས་ཀྱང་ང་ཚོར་བལྟས་ནས་སྡོད་ཀྱི་འདུག”ཅེས་མཚོ་ཉིན་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་བསོད་ནམས་དོན་གྲུབ་ཀྱིས་མགོ་བོ་འཕུར་བཞིན་དགོད་འཚེར་འཚེར་ངང་དེ་ལྟར་བརྗོད་པ་དང་། ཁོང་གིས“དེ་རྗེས་རིམ་བཞིན་མང་ཚོགས་ཀྱིས་ལས་བྱེད་པ་གད་སྙིགས་སྒྲུག་པར་ལྟ་བ་ནས་མང་ཚོགས་དང་ལས་བྱེད་པ་མཉམ་དུ་གད་སྙིགས་སྒྲུག་པའི་བར་འགྱུར་ལྡོག་ཕྱིན་པས། ངས་ལས་དོན་འདིར་གྲུབ་འབྲས་ཡག་པོ་འཐོབ་སྲིད་པ་ཤེས་བྱུང”ཞེས་བརྗོད།
   “དེ་སྔོན་འདི་གར་རྒྱལ་ལམ་འཁྲིས་སུ་ཡོད་ཅིང་། འབྲོག་རའང་ཡིན་པས། གད་སྙིགས་མང་པོ་ཡོད། ད་ཆ་གཟིགས་དང་རྩྭ་ཐང་འདི་ལྟ་བས་མི་ངོམས་པ་ཞིག་ཏུ་གྱུར་འདུག”ལོ་44སླེབས་པའི་སྒྲོལ་མ་སྐྱབས་ནི་དེ་སྔ་དུད་ཚང་དབུལ་པོ་ཞིག་ཡིན་པ་དང་། 2018ལོར་ཀ་ཤུལ་གྲོང་ཚོར་དབུལ་སྐྱོར་གནས་སྤོ་བྱས་ཏེ་སྲིད་གཞུང་གིས་བསྐྲུན་པའི་ཁང་པ་སྒོ་ར་ཅན་དུ་སྤོས་པ་དང་། ནང་མི་དྲུག་པོས་ཕྱུགས་རིགས་མགོ་གྲངས་40གསོ་ཚགས་བྱས་ཏེ་མར་དང་ཞོ་བཙོངས་པ་དང་གླ་པ་བརྒྱུགས་པར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་5ཙམ་བྱུང་སྟེ་སྔ་ས་ནས་དབུལ་སྒྲོལ་ཐུབ་ཡོད། “ད་ཆ་འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་སྒྲོལ་མ་སྐྱབས་ཀྱིས་ཐག་རིང་གི་རྩྭ་ཐང་ལ་ལྟ་བཞིན་དེ་ལྟར་བརྗོད།
   ད་ཆ་ཀ་ཤུལ་གྲོང་ཚོ་མིག་དཔེ་ལྟ་སར་གྱུར་པ་དང“ཁུལ་ཁོངས་ཡོངས་སུ་གད་སྙིགས་མེད་པ”དེའང་ཀན་ལྷོའི“གསེར་བྱང”ཞིག་ཏུ་གྱུར་ཡོད། 2015ལོ་ཚུན་དུ་ཀན་ལྷོ་ཀྲོའུ་ཡིས་མ་དངུལ་སྒོར་དུང་ཕྱུར་2.9གྲབས་གསོག་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་གྱི་སྒྲིག་ཆས་ཉོ་སྒྲུབ་དང་། གཙང་སྦྲ་འཕྲོད་བསྟེན་གྱི་རིན་པ། སྒྲིག་བཀོད་དང་སྒྲིག་ཆས་ཀྱི་རྒྱུན་གཏན་ཉམས་བཟོ་སོགས་ལ་སྤྱད་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་མི་ཐེངས་ཁྲི་870ཞུགས་པ། གད་སྙིགས་སྣ་ཚོགས་ཏུན་ཁྲི་85གཙང་སེལ་བྱས་ཡོད།
   “ཁོར་ཡུག་ལ་འགྱུར་ལྡོག་ཕྱིན་པ་མ་ཟད། འདུ་ཤེས་ལའང་དེ་བས་འགྱུར་ལྡོག་བྱུང་སྟེ་སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་མི་སེར་གྱི་སེམས་སུ་ཟུག་ཡོད”ཅེས་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་ཡུས་ཁྲེ་ཧུའེ་ཡིས་དེ་ལྟར་བརྗོད་པ་དང་། ཁོང་གིས“སྣོད་བཅུད་མཛེས་སུ་ཕྱིན་རྗེས་ང་ཚོས་ད་དུང་ཡོང་འབབ་མང་དུ་གཏོང་དགོས། དེ་ནི‘སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི’བསམ་བློ་ལག་ལེན་གཏིང་ཟབ་བསྟར་བ་ཞིག་རེད”ཅེས་བརྗོད།
   “ཁོར་ཡུག་བཅོས་སྒྲིག་ནི‘ཀ་ཤུལ་འགྱུར་ལྡོག་གི་གོམ་པ་དང་པོ’ཡིན་པ་དང་ང་ཚོར་ད་དུང‘ཀ་ཤུལ་འགྱུར་ལྡོག་གི་གོམ་པ་གཉིས་པ’ཡོད”ཅེས་བསོད་ནམས་དོན་གྲུབ་ཀྱིས་དེ་ལྟར་བརྗོད།
   2019ལོར་ཀ་ཤུལ་གྲོང་ཚོ་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་དུ་གྱུར་པ་དང་ཡུལ་སྐོར་བའི་གྲངས་འབོར་ཧ་ཅང་མང་དུ་ཕྱིན་ཏེ་སྲོལ་རྒྱུན་དམངས་སྲོལ་གྱི་སྣེ་ལེན་བྱེད་ནུས་ལ་འགྲན་སློང་ཕྲད་ཡོད། ཀ་ཤུལ་གྲོང་ཚོས་ཡུལ་སྐོར་བཟའ་བཏུང་གི་དོ་དམ་ཁེ་ལས་གདན་དྲངས་ཏེ་ཐབ་ཚང་ཨ་མ་བཙུགས་ནས་འབྲོག་པའི་སྤྲོ་སྐྱིད་ཁང་གི་ཞག་སྡོད་ཞབས་ཞུར་ཚད་གཞི་གཅིག་གྱུར་བཟོས་པ་དང་དོ་དམ་གཅིག་གྱུར་བྱས་ཡོད། དེས་ཞབས་ཞུའི་སྤུས་ཚད་འགན་ལེན་ཐུབ་པ་མ་ཟད། གཉེར་སྐྱོང་གི་མ་གནས་ཀྱང་ཆུང་དུ་ཤུགས་ཆེན་ཕྱིན་ཡོད། ད་ཆ་ཀ་ཤུལ་དུ་མཛེས་ལྗོངས་དང་ཞིམ་ཟས་ཡོད་པ་མ་ཟད། གྲོང་ཚོ་ཡོངས་ཀྱི་དུད་ཚང་393གྱི་མི་1910ལ་མི་རེར་ལོར་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.5བྱུང་ཡོད།
   ཀན་ལྷོར་ཀ་ཤུལ་ཙམ་མིན་པར་གྲོང་གསེབ་ཡུལ་སྐོར་གྱི“གཅིག་བཅུ་བརྒྱ་སྟོང་ཁྲིའི”འདུ་འགོད་གཅིག་གིས་ཡུལ་སྐོར་ཆེད་ལས་གྲོང་ཚོ་167ཐོན་པ་དང་། ཞིང་པའི་སྤྲོ་སྐྱིད་ཁང་དང་། འབྲོག་པའི་སྤྲོ་སྐྱིད་ཁང་། བོད་ཁྱིམ་སྤྲོ་སྐྱིད་ཁང་1449ཡི་འཕེལ་རྒྱས་ལ་རོགས་སྐྱོར་བྱས་པ། ཞིང་འབྲོག་མང་ཚོགས་ཁྲི་3.8ས་ཆ་དེ་རང་དང་ཐག་ཉེ་ས་ནས་ཡུལ་སྐོར་ཡོང་འབབ་གསོག་པར་ཆ་རྐྱེན་བསྐྲུན་ཡོད། ཞིང་འབྲོག་པ་ཚོས་མཛེས་སྡུག་ལྡན་པའི་ཁོར་ཡུག་ཉམས་སུ་མྱོང་བ་དང་ཆབས་ཅིག་རང་ཉིད་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་ཧུར་ཐག་བྱེད་བཞིན་ཡོད།