འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་6ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།《དུས་སྐབས་གསར་པར་འདུས་གྲུབ་གློག་ལམ་ཐོན་ལས་དང་མཉེན་ཆས་ཐོན་ལས་ཀྱི་སྤུས་
ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་འགའ་ཞིག》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་06ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དུས་སྐབས་གསར་པར་འདུས་གྲུབ་གློག་ལམ་ཐོན་ལས་དང་མཉེན་ཆས་ཐོན་ལས་ཀྱི་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་འགའ་ཞིག》(གཤམ་དུ《སྲིད་ཇུས་འགའ་ཞིག》ཅེས་བསྡུ་རྒྱུ)བཀྲམ་པ་རེད།
   《སྲིད་ཇུས་འགའ་ཞིག》ནང་ནན་བཤད་བྱས་དོན། འདུས་གྲུབ་གློག་ལམ་ཐོན་ལས་དང་མཉེན་ཆས་ཐོན་ལས་ནི་ཆ་འཕྲིན་ཐོན་ལས་ཀྱི་སྲོག་ཤིང་རེད་ལ། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་སྣེ་ཁྲིད་བྱེད་པའི་འགག་རྩའི་སྟོབས་ཤུགས་ཀྱང་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《མཉེན་ཆས་ཐོན་ལས་དང་འདུས་གྲུབ་གློག་ལམ་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་འགའ་ཞིག》དང《མཉེན་ཆས་ཐོན་ལས་དང་འདུས་གྲུབ་གློག་ལམ་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བའི་སྲིད་ཇུས་འགའ་ཞིག》བཀྲམ་ཚུན། རང་རྒྱལ་གྱི་འདུས་གྲུབ་གློག་ལམ་ཐོན་ལས་དང་མཉེན་ཆས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་སོང་བ་དེས་རྒྱལ་ཁབ་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད་ལ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་གྱི་འཕེལ་རྒྱས་ལའང་སྐུལ་འདེད་བཏང་ཡོད།
   《སྲིད་ཇུས་འགའ་ཞིག》ནང་བཏོན་དོན། འདུས་གྲུབ་གློག་ལམ་ཐོན་ལས་དང་མཉེན་ཆས་ཐོན་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་། ཐོན་ལས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་གཏོང་བ། ཐོན་ལས་ཀྱི་གསར་གཏོད་འཇོན་ཐང་ཆེ་རུ་དང་འཕེལ་རྒྱས་ཀྱི་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱ་ཆེད། ནོར་སྲིད་དང་ཁྲལ་དོན། མ་དངུལ་འཇོག་པ་དང་བསྡུ་སྒྲིལ། ཞིབ་འཇུག་དང་གསར་སྤེལ། ཕྱིར་གཏོང་དང་ནང་འདྲེན། ཤེས་ལྡན་པ། ཤེས་བྱའི་བདག་དབང་། ཁྲོམ་རའི་བཀོལ་སྤྱོད། རྒྱལ་སྤྱིའི་མཉམ་ལས་སོགས་ཕྱོགས་བརྒྱད་ལ་ཁྱབ་པའི་སྲིད་ཇུས་བྱ་ཐབས་བཟོས་ནས་བཏོན་པ་དང་། སྒྲིག་སྲོལ་ལམ་སྲོལ་སྔར་བས་གསར་གཏོད་བྱས་ཏེ་འདུས་གྲུབ་གློག་ལམ་ཐོན་ལས་དང་མཉེན་ཆས་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་འདུས་གྲུབ་གློག་ལམ་ཁྱབ་ཁོངས་དང་མཉེན་ཆས་ཁྱབ་ཁོངས་ཀྱི་ཁེ་ལས་སྐྱེད་སྲིང་ཤུགས་ཆེན་བྱེད་པ། འདུས་གྲུབ་གློག་ལམ་དང་མཉེན་ཆས་ཀྱི་ཆེད་ལས་འཛུགས་སྐྲུན་ལ་ཤུགས་སྣོན་དང་འདུས་གྲུབ་གློག་ལམ་གྱི་རིམ་པ་དང་པོའི་རིག་ཚན་བཀོད་སྒྲིག་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་ཐོན་སློབ་མཉམ་འདྲེས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། ཤེས་བྱའི་བདག་དབང་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་འདུས་གྲུབ་གློག་ལམ་དང་མཉེན་ཆས་ཀྱི་ཤེས་བྱའི་བདག་དབང་གི་དབང་ཆར་བཙན་གནོད་བྱས་པའི་ཁྲིམས་འགལ་བྱེད་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ། ཐོན་ལས་མཉམ་འདུས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཐོན་ལས་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་ནས་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་སྤེལ་བ་བཅས་བྱེད་དགོས།
   《སྲིད་ཇུས་འགའ་ཞིག》ནང་ཁ་གསལ་བཏོན་དོན། ཀྲུང་གོའི་མངའ་ཁོངས་སུ་བཙུགས་པའི་འདུས་གྲུབ་གློག་ལམ་ཁེ་ལས་དང་མཉེན་ཆས་ཁེ་ལས་ལ་དབང་བའི་ལམ་ལུགས་ཀྱི་ངོ་བོའི་དབྱེ་བ་མེད་པར་ཚང་མས་གཏན་འབེབས་གཞིར་བཟུང་འབྲེལ་ཡོད་སྲིད་ཇུས་ལོངས་སྤྱོད་བྱ་ཆོག འདུས་གྲུབ་གློག་ལམ་ཐོན་ལས་དང་མཉེན་ཆས་ཐོན་ལས་ཀྱི་གོ་ལ་ཧྲིལ་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་འབོད་སྐུལ་བྱས་ཏེ་ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱིས་ཀྲུང་གོར་མ་འཇོག་ལས་གཏོད་བྱེད་པར་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཧུར་ཐག་གཏོད་དགོས།
   《སྲིད་ཇུས་འགའ་ཞིག》ནང་བླང་བྱ་བཏོན་དོན། སྡེ་ཚན་ཁག་དང་ས་གནས་ཁག་གིས་ཞིབ་ཅིང་ཕྲ་བའི་ལེ་ལག་ཚང་བའི་སྲིད་ཇུས་གང་མགྱོགས་འདོན་པ་དང་སྲིད་ཇུས་གང་མགྱོགས་དོན་འཁྱོལ་བྱས་ཏེ། ཕན་པ་དངོས་ཐོབ་པའི་འགན་ལེན་བྱས་ཁར་རང་རྒྱལ་གྱི་འདུས་གྲུབ་གློག་ལམ་ཐོན་ལས་དང་མཉེན་ཆས་ཐོན་ལས་ཀྱི་སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།