འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་6ཉིན།

༄༅།།ཀྲུང་གོ་སློབ་གསོ་སློབ་ཚོགས་ཀྱིས་མཐོ་འབྲིང་དཀྱུས་མའི་སློབ་ཚན་གསར་པ་ལག་ལེན་བསྟར་བའི“སྣེ་
ཁྲིད་འཆར་གཞི”སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་06ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ས་གནས་ཁག་གིས་མཐོ་འབྲིང་དཀྱུས་མའི་སློབ་ཚན་གསར་པའི་ལས་དོན་ལ་སྣེ་ཁྲིད་དང་མཛུབ་སྟོན་ལ་སྔར་བས་ཤུགས་སྣོན་དང་། མཐོ་འབྲིང་དཀྱུས་མའི་སློབ་ཚན་གསར་པ་དང་སློབ་དེབ་གསར་པ་ལག་བསྟར་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ། མཐོ་འབྲིང་དཀྱུས་མའི་མི་སྣ་གསོ་སྐྱོང་གི་སྤུས་ཚད་ལེགས་སུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར་ཀྲུང་གོ་སློབ་གསོ་སློབ་ཚོགས་ཀྱིས་མཐོ་འབྲིང་དཀྱུས་མའི་སློབ་ཚན་གསར་པ་ལག་ལེན་བསྟར་བའི“སྣེ་ཁྲིད་འཆར་གཞི”སྤེལ་འགོ་ཚུགས་ཡོད།
   རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་2019ལོའི་ཟླ་6པར《དུས་རབས་གསར་པར་མཐོ་འབྲིང་དཀྱུས་མའི་མི་སྣ་གསོ་སྐྱོང་བྱེད་སྟངས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་ཞིང་། བསམ་འཆར་ནང་བཏོན་དོན། 2022ལོར་སླེབས་སྐབས་བཟང་པོ་ལྔ་ལྡན་གྱི་སློབ་མ་ཕྱོགས་ཡོངས་ནས་གསོ་སྐྱོང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་དོན་འཁྱོལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས། མཐོ་འབྲིང་དཀྱུས་མའི་སློབ་ཚན་གསར་པ་དང་སློབ་དེབ་གསར་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཕྱོགས་ཡོངས་དང་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་སྒོ་ནས་སློབ་མ་སྐྱོང་བར་འཚམ་པའི་སློབ་གསོ་དང་སློབ་ཁྲིད་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས།
   ཀྲུང་གོ་སློབ་གསོ་སློབ་ཚོགས་ཀྱི་ཚོགས་གཙོ་ཀྲུའུ་ཀྲི་ཝུན་གྱིས་སློབ་ཚན་གསར་པ་སྒྱུར་བཅོས་ལ་སྔོན་དཔག་གི་ཕན་འབྲས་ཐོན་མིན་གྱི་འགག་རྩ་དོན་འཁྱོལ་ལ་ཐུག་པ་དང་། སློབ་ཚན་སྒྱུར་བཅོས་དོན་འཁྱོལ་ཡག་པོ་བྱེད་པའི་འགག་རྩ་འཐབ་ས་དང་པོའི་སློབ་གསོའི་ལས་དོན་པ་གསོ་སྦྱོང་གི་ལས་དོན་ལ་ཐུག་ཡོད། སློབ་ཚན་གསར་པ་དང་སློབ་དེབ་གསར་པ་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པ་དང་སྦྲགས་ས་གནས་ཁག་གིས་ཆུ་ཚད་མཐོ་བ་དང་། མང་ཚོགས་དང་འབྲེལ་འདྲིས་ཆེ་བ། ཕན་འབྲས་དངོས་ཐོན་པ་བཅས་ཀྱི་དགེ་རྒན་གསོ་སྦྱོང་བྱེད་པའི་དགོས་མཁོ་ཧ་ཅང་ཆེན་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
   ཀྲུང་གོ་སློབ་གསོ་སློབ་ཚོགས་ཀྱི་དྲུང་ཆེ་དབྱང་དབྱིན་ཧྥུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། “སྣེ་ཁྲིད་འཆར་གཞིས”སློབ་གསོའི་སྲིད་འཛིན་མི་སྣ་དང་། སློབ་དཔྱོད་མི་སྣ། སློབ་སྤྱི། རྐང་འཛིན་དགེ་རྒན་བཅས་ཚང་མར་ཕྱོགས་པའི་རིམ་པ་མང་བ་དང་། ཕྱོགས་བསྡུས་ཅན། ཞིབ་འཇུག་རང་བཞིན་ལྡན་པའི་གསོ་སྦྱོང་། ཞིབ་འཇུག་ཟབ་སྦྱོང་རབ་དང་རིམ་པ། རྗེས་སྙེག་མཛུབ་ཁྲིད་བཅས་ལ་བརྟེན་ནས་སློབ་ཚན་གསར་པའི་ཇུས་གཞི་དང་སློབ་ཚན་གསར་པའི་ཚད་གཞི། སློབ་དེབ་གསར་པ་བཅས་ལ་ཁོ་ཚོས་གོ་བ་གཏིང་ཟབ་ལོན་པ་དང་དོན་འཁྱོལ་ཞིབ་ཚགས་ཡོང་བར་རོགས་རམ་བྱེད་ཐུབ།