འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་5ཉིན།

༄༅༎ཕྱི་འབྲེལ་པུས་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དང་དེ་བཞིན་དཔོན་རིགས་ལ་བཀག་སྡོམ་བྱེད་པའི་ཨ་རི་ཕྱོགས་ཀྱི་
ནོར་འཁྲུལ་གཏན་འབེབས་འཕྲལ་མར་ཕྱིར་འཐེན་བྱེད་དགོས་པའི་སྐུལ་འདེབས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་05ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཨ་རིའི་རྒྱལ་དོན་ཁང་དང་ནོར་སྲིད་པུའུ་ཡིས་ཟླ་7ཚེས་31ཉིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དང་དེ་བཞིན་དཔོན་རིགས་2ལ་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་ཚེས་3ཉིན་ཨ་རི་ཕྱོགས་ཀྱི་གོང་གསལ་གྱི་བྱེད་སྟངས་ནི་ཀྲུང་གོའི་ནང་སྲིད་ལ་ཚབས་ཆེའི་ཐེ་ཇུས་བྱས་པ་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལས་ཚབས་ཆེན་འགལ་བ་ཞིག་ཡིན་པས། ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད་རྒོལ་གཏམ་དྲག་པོ་གཏོང་རྒྱུ་དང་ཨ་རི་ཕྱོགས་ལ་འབྲེལ་ཡོད་ཀྱི་ནོར་འཁྲུལ་གཏན་འབེབས་འཕྲལ་མར་ཕྱིར་འཐེན་བྱེད་དགོས་པའི་སྐུལ་འདེབས་བྱ་རྒྱུ་ཡིན། གལ་ཏེ་ཨ་རི་ཕྱོགས་ཀྱིས་རང་འདོད་མཁྲེགས་བཟུང་དང་མི་བྱེད་དགུ་བྱེད་བྱས་ཚེ་ཀྲུང་གོ་ཕྱོགས་ཀྱིས་རྒོལ་ལན་མཐའ་གཅིག་ཏུ་སློག་ངེས་ཡིན་ཞེས་བརྗོད་པ་རེད།
     དབང་ཝུན་པིན་གྱིས་ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འབྲེལ་ཡོད་དྲི་བར་ལན་འདེབས་སྐབས། ཤིན་ཅང་དང་འབྲེལ་བ་ཡོད་པའི་གནད་དོན་ནི་འགྲོ་བ་མིའི་ཐོབ་ཐང་དང་། མི་རིགས། ཆོས་ལུགས་བཅས་ཀྱི་གནད་དོན་རྩ་བ་ནས་མིན་པར་དེ་ནི་གཏུམ་སྤྱོད་དང་འཇིགས་སྐུལ་ལ་ངོ་རྒོལ་དང་ཁ་ཕྲལ་ལ་ངོ་རྒོལ་གྱི་གནད་དོན་ཞིག་རེད། ཤིན་ཅང་གི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས། ཨ་རིར་གང་བྱུང་ཐེ་ཇུས་བྱེད་པའི་དབང་ཆ་མེད་ལ་ཐོབ་ཐང་དེ་བས་ཀྱང་མེད། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་དང་ས་གནས་ཀྱི་མི་རིགས་ཁག་མཉམ་གཤིབ་ངང་གནས་པ་དང་། འཆམ་མཐུན་མཉམ་གནས། ལྟ་རེས་སྐྱོང་རེས་བཅས་བྱས་ཏེ་ཤིན་ཅང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་ཀྱི་མཐའ་སྲུང་སྲ་བརྟན་བཅས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་སྐྱོན་འཛུགས་ནི་རྦད་དེ་དཀྲོག་གཏམ་དང་དམའ་འབེབས་བྱས་པ་ཞིག་རེད། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཆོད་སེམས་ལ་འགྱུར་བ་གཏན་ནས་མེད་པ་དང་། གཏུམ་སྤྱོད་དང་འཇིགས་སྐུལ་ཕྱོགས་གཏོགས་དང་། ཁ་ཕྲལ་ཕྱོགས་གཏོགས། ཆོས་ལུགས་ཐལ་སྐྱོད་ཕྱོགས་གཏོགས་བཅས་ལ་རྡུང་རྡེག་གཏོང་བའི་ཆོད་སེམས་ལ་འགྱུར་བ་གཏན་ནས་མེད་པ། ཕྱི་རོལ་གྱི་ཕྱོགས་གཏོགས་གང་རུང་གིས་ཤིན་ཅང་གི་ལས་དོན་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱེད་པའི་ཆོད་སེམས་ལ་འགྱུར་བ་གཏན་ནས་མེད་པ་བཅས་ཡིན་ཞེས་བརྗོད་པ་རེད།
     “ང་ཚོས་ཨ་རི་ཕྱོགས་ལ་འབྲེལ་ཡོད་ཀྱི་ནོར་འཁྲུལ་གཏན་འབེབས་འཕྲལ་མར་ཕྱིར་འཐེན་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་དང་ཀྲུང་གོ་ཕྱོགས་ཀྱི་ཁེ་ཕན་ལ་གནོད་པའི་གཏམ་སྤྱོད་གང་རུང་མཚམས་འཇོག་བྱེད་དགོས་པའི་སྐུལ་འདེབས་བྱ་རྒྱུ་ཡིན། གལ་ཏེ་ཨ་རི་ཕྱོགས་ཀྱིས་རང་འདོད་མཁྲེགས་བཟུང་དང་མི་བྱེད་དགུ་བྱེད་བྱས་ཚེ་ཀྲུང་གོ་ཕྱོགས་ཀྱིས་རྒོལ་ལན་མཐའ་གཅིག་ཏུ་སློག་ངེས་ཡིན”ཞེས་དབང་ཝུན་པིང་གིས་བརྗོད་པ་རེད།