འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་5ཉིན།

༄༅།།ཧུའུ་ཁྲུན་ཧྭ་ཡིས་བོད་དུ་རྒྱལ་ཁབ་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་ཁྱབ་ཞིབ་བཤེར་གྱི་ས་གནས་ས་ཐོག་གི་ཐོ་
འགོད་ལས་དོན་ལ་རྟོག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་05ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་ཁབ་དབུལ་སྒྲོལ་འགག་སྒྲོལ་ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧུའུ་ཁྲུན་ཧྭ་ཡིས་བོད་རང་སྐྱོང་ལྗོངས་སུ་རྒྱལ་ཁབ་དབུལ་སྒྲོལ་འགག་སྒྲོལ་ཡོངས་ཁྱབ་ཞིབ་བཤེར་གྱི་ས་གནས་ས་ཐོག་གི་ཐོ་འགོད་ལས་དོན་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཡོངས་ཁྱབ་ཞིབ་བཤེར་གྱི་ས་གནས་ས་ཐོག་གི་ཐོ་འགོད་ལས་དོན་ཚད་གཞི་མཐོ་པོའི་སྒོ་ནས་ཡག་པོ་སྒྲུབ་པ་དང་སྤུས་ཚད་མཐོ་པོའི་སྒོ་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་འགན་ཁག་དུས་བཀག་བཞིན་ལེགས་གྲུབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
    ཧུའུ་ཁྲུན་ཧྭ་སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དང་སྟག་རྩེ་ཆུས་ཀྱི་གྲོང་ཚོ་དང་དུད་ཚང་དུ་ཕེབས་ཏེ་ཡོངས་ཁྱབ་ཞིབ་བཤེར་གྱི་ས་གནས་ས་ཐོག་གི་ཐོ་འགོད་ལས་དོན་ལ་རྟོག་ཞིབ་གནང་བ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དང་ཡོངས་ཁྱབ་ཞིབ་བཤེར་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་བ། ཡོངས་ཁྱབ་ཞིབ་བཤེར་མི་སྣས་རིག་ནུས་མཐའ་སྣེའི་སྒྲིག་ཆས་ལ་བརྟེན་ནས་ཡོངས་ཁྱབ་ཞིབ་བཤེར་གྱི་གྲངས་གཞི་བསྡུ་རུབ་ཀྱི་བརྒྱུད་རིམ་ལ་གཟིགས་པ། མང་ཚོགས་དབུལ་པོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ། ཡོངས་ཁྱབ་ཞིབ་བཤེར་གྱི་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་གཏིང་ཟབ་གནང་བ་རེད།
    ཧུའུ་ཁྲུན་ཧྭ་ཡིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་ཁྱབ་ཞིབ་བཤེར་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཚོད་བགམ་བྱེད་པའི་རྨང་གཞིའི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་རེད། དེས་ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་སྐབས་ཐོག་ཏུ་ཁྱབ་བསྒྲགས་བྱེད་པར་གྲངས་གཞིའི་འདེགས་སྐྱོར་བྱེད་ཀྱི་ཡོད་པས་ངེས་པར་དུ་དུས་བཀག་བཞིན་སྤུས་ཚད་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས། ས་གནས་ས་ཐོག་གི་ཐོ་འགོད་ལས་དོན་ནི་ཡོངས་ཁྱབ་ཞིབ་བཤེར་གྱི་འགག་རྩའི་ལྷུ་ཚིགས་ཤིག་ཡིན། མིག་སྔར་ལས་དོན་ཁག་གོ་རིམ་ལྡན་པའི་སྒོ་ནས་སྤེལ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། རྒྱ་ཆེའི་ཡོངས་ཁྱབ་ཞིབ་བཤེར་མི་སྣས་དཀའ་ངལ་ཁྱད་བསད་དང་དཀའ་སྤྱད་དངོས་སྒྲུབ་ཀྱིས་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད། ཡོངས་ཁྱབ་ཞིབ་བཤེར་གྱི་ལས་དོན་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་སྤེལ་དགོས་པ་དང་། ཡོངས་ཁྱབ་ཞིབ་བཤེར་གྱི་ཇུས་གཞི་དང་ལས་དོན་ཞིབ་སྲོལ་གྱི་ཚད་ལྡན་བརྒྱུད་རིམ་ལག་བསྟར་ནན་པོ་བྱེད་པ། 
   གྲངས་གཞི་བསྡུ་རུབ་དང་རེའུ་མིག་རྒྱོང་བའི་ལས་དོན་ཡག་པོ་སྒྲུབ་དགོས། གྲངས་གཞིའི་སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུངས་ནས་མིས་བཟོས་འགལ་རྐྱེན་དང་མི་བདེན་རྫུན་སྒྲིག་གི་བྱེད་སྤྱོད་གཏན་འགོག་བྱས་ཏེ་ཐོག་མའི་གྲངས་གཞི་དངོས་ཡོད་ཁུངས་བཙན་ཡིན་པ་བྱེད་དགོས། སྔོན་གཏན་འཁེལ་བའི་དུས་ཚིགས་ཀྱི་མཚམས་ཚིགས་གཞིར་བཟུང་། རྗེས་མཐུད་ཀྱི་གྲངས་གཞི་ཐག་གཅོད་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཁག་བགོས་དབྱེ་ནས་དུས་བཀག་བཞིན་ཡོངས་ཁྱབ་ཞིབ་བཤེར་གྱི་ལས་འགན་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱུན་རྣམ་ཅན་གྱི་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱས་ནས་ཡོངས་ཁྱབ་ཞིབ་བཤེར་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
    རྒྱལ་ཁབ་དབུལ་སྒྲོལ་འགག་སྒྲོལ་ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་ཉིང་ཅི་ཀྲེ་བཅས་དང་། རྒྱལ་ཁབ་དབུལ་སྒྲོལ་འགག་སྒྲོལ་ཡོངས་ཁྱབ་ཞིབ་བཤེར་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཞའོ་ཁྲའོ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ནོར་བུ་དོན་གྲུབ་དང་། པད་མ་དབང་འདུས། ལིའུ་ཅང་བཅས་ལྷན་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད།