༄༅།།གྲངས་ཉུང་མི་རིགས་ཀྱི་གནད་དོན་ཐད་ཨ་རིས་བསམ་ངན་སྐྱོན་འཛུགས་བྱས།
གསར་འགྱུར་སྤེལ་དུས། 【2020ལོའི་ཟླ་ 08ཚེས་04ཉིན། 14:17】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་ཡིས་ཟླ་7ཚེས་31ཉིན་གསལ་བསྒྲགས་སྤེལ་ནས། སླར་ཡང་ཀྲུང་གོས་ཡུ་གུར་རིགས་དང་གྲངས་ཉུང་མི་རིགས་གཞན་དག་ལ་“ལྟ་སྐུལ་ཚོད་འཛིན”བྱེད་པ་སྐྱོན་བརྗོད་བྱས་པའི་ཐད། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཚེས་3ཉིན། ཕེང་ཕེ་ཨའོ་ཡིས་བཤད་སྟངས་ཁུངས་མེད་ཅིང་། བསམ་ངན་སྐྱོན་འཛུགས་ཁོ་ན་རེད། དེ་ནི་ཤིན་ཅང་གི་དར་རྒྱས་བརྟན་ལྷིང་གཏོར་བརླག་གཏོང་བ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ཁ་གཡར་བ་རེད། ཁོང་ཚོའི་ལྐོག་ཇུས་འགྲུབ་མི་ཐུབ་ཅེས་བཤད།
ཝང་ཝུན་པིན་གྱིས། ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་འབྲེལ་ཡོད་དྲི་བར་དྲིས་ལན་རྒྱག་སྐབས། དེང་རབས་ཀྱི་ཚན་རྩལ་ཐོན་རྫས་དང་གཞི་གྲངས་ཆེན་པོའི་བྱེད་ཐབས་སྤྱད་དེ་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀུན་ཏུ་སྤྱོད་པའི་བྱེད་སྟངས་ཤིག་ཡིན་པས། ཨ་རི་ཡང་དེ་བས་མ་འདས། ཤིན་ཅང་གིས་ཁྲིམས་ལྟར་མི་མང་འདུ་འཛོམས་བྱ་ཡུལ་དུ་བརྙན་མིག་སྒྲིག་སྦྱོར་བྱས་པ་དེ་ནི་དམིགས་བསལ་གྱི་མི་རིགས་གང་རུང་ལའང་དམིགས་པ་མིན། དེའི་དམིགས་ཡུལ་ནི་སྤྱི་ཚོགས་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ་དང་ཉེས་གསོག་སྔོན་འགོག་ནུས་ལྡན་བྱ་ཆེད་ཡིན། བྱེད་ཐབས་དེས་སྤྱི་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ཆེ་རུ་ཕྱིན་པས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་རྒྱབ་སྐྱོར་བྱས་ཡོད་ཟེར།
ཝང་ཝུན་པིན་གྱིས“ལྟ་སྐུལ་ཚོད་འཛིན”སྐོར་གླེང་སྐབས། ཨ་རིས་ཚན་རྩལ་མཐོ་བའི་བྱེད་ཐབས་སྤྱད་དེ་གཞི་ཁྱོན་ཆེ་བའི་ལྟ་སྐུལ་ཚོད་འཛིན་བྱེད་སྒོ་སྤེལ་བའི་ཐད་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་སྐྱོན་བརྗོད་བྱེད་ཀྱི་ཡོད། ཨ་རིའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2017ལོར་ཨ་རི་སྲིད་གཞུང་གིས་ཨ་རི་ཡོངས་ཀྱི་གནམ་ཐང་ཆེན་མོ20ཡིས་འགྲུལ་པའི་ངོ་གདོང་བཤར་འབེབས་དབྱེ་འབྱེད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། ཉིའུ་ཡོའི་ཉེན་རྟོག་ཕྱོགས་ཀྱིས་འཛུགས་སྐྲུན་བྱས་པའི་གྲོང་ཁྱེར་གྱི་ལྟ་སྐུལ་ཚོད་འཛིན་མ་ལག་ནི་རྐང་ཐང་བ་དང་འཁོར་རིགས་ཀྱི་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་ཕྱོགས་གང་སར་ཁྱབ་པ་མ་ཟད། མི་སྒེར་གྱི་ལག་ཐོགས་ཁ་པར་གྱི་ཆ་འཕྲིན་ལ་རྗེས་སྙེག་ཞིབ་བཤེར་ཡང་བྱས་ཡོད། ཨ་རིའི་སྲིད་གཞུང་རིམ་པ་ཁག་གིས་ཐེ་ཁེ་ས་སི་མངའ་སྡེ་རུ་གསང་བའི་ལྟ་ཞིབ་ལྟེ་གནས་8བཙུགས་ཡོད་པ་དང་། གསང་འཕྲིན་ལྟ་སྐུལ་ཚོད་འཛིན་དང་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་དང་དྲ་ཐོག་གླེང་སྟེགས་མཉམ་སྤྱོད་བྱེད་ཀྱི་ཡོད། ཨ་རིའི་རྩིས་བཤེར་ཧྲུའུ་ཡི་2019ལོའི་ཟླ་6ཚེས་4ཉིན་གྱི་སྙན་ཞུའི་ནང་མངོན་དོན། རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུས་ཀྱི་ངོ་གདོང་དབྱེ་འབྱེད་ངོས་འཛིན་གཞུང་ལས་ཁང་གིས་ཁྲིམས་མཐུན་གྱི་ཆོག་འཐུས་མེད་པའི་གནས་ཚུལ་འོག གང་བྱུང་དུ་ཞིབ་དཔྱད་བཙལ་འཚོལ་བྱེད་པར་དུང་ཕྱུར་6.4ལས་བརྒལ་བའི་གཞི་གྲངས་མཛོད་ཚུད་ཡོད། ཇོ་ཇི་ཐང་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི་ཞིབ་འཇུག་རྣམ་གྲངས་ཤིག་ལས་མངོན་པར་གཞིགས་ན། དུང་ཕྱུར་1.17བརྒལ་བའི་ཨ་རིའི་མི་དར་མ་ཁྲིམས་འཛིན་སྒྲིག་གཞིས་སྤྱོད་པའི་མི་ངོ་དབྱེ་འབྱེད་མ་ལག་ནང་བཅུག་ཡོད། དེའི་ནང་ཨ་ཧྥེ་རི་ཁའི་རིགས་རྒྱུད་ནི་རིགས་རྒྱུད་གཞན་ལས་ཞིབ་བཤེར་བྱ་ཡུལ་དུ་འགྱུར་སླ། གཞན་ཡང་ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་སྒྲིག་གཞིས་དུས་ཡུན་རིང་པོའི་ནང་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ལས་འགལ་ཏེ། ཕྱི་རྒྱལ་གྱི་སྲིད་གཞུང་དང་། ཁེ་ལས། མི་སྒེར་བཅས་ལ་གཞི་ཁྱོན་ཆེ་བ་དང་། རྩ་འཛུགས་ཡོད་པ། ཁྱད་པར་མེད་པ་བཅས་ཀྱི་དྲ་རྒྱའི་གསང་བ་རྐུ་བ་དང་། ལྟ་སྐུལ་ཚོད་འཛིན། རྒོལ་རྡུང་བཅས་བྱེད་པ་དེ་ནི་སྔོན་མ་ནས་ཀུན་གྱིས་ཤེས་ཟིན་པའི་བྱ་བ་ཞིག་རེད་ཅེས་བཤད།
“ཕེང་ཕེ་ཨའོ་སོགས་ཀྱིས་ཤིན་ཅང་གིས་དེང་རབས་ཅན་གྱི་ཚན་རྩལ་ལ་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་དེ། ཡུ་གུར་རིགས་སོགས་གྲངས་ཉུང་མི་རིགས་ལ་དམིགས་པའི་ལྟ་སྐུལ་ཚོད་འཛིན་ཡིན་ཞེས་བསམ་ངན་སྙོན་འཛུགས་བྱས་པ་དེ་ནི། ཤིན་ཅང་གི་དར་རྒྱས་དང་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ཁ་གཡར་ས་བཙལ་བ་ཞིག་རེད། ཁོང་ཚོའི་ལྐོག་ཇུས་འགྲུབ་མི་ཐུབ” ཅེས་ཝང་ཝུན་པིན་གྱིས་བཤད།