འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་4ཉིན།

༄༅།།“ཆེས་གཅེས་པར་འོས་པའི་མིར”ལག་རྟགས་འབུལ་བའི་སྤྱི་ཕན་མཉམ་དཀྲོལ་རོལ་དབྱངས་འདུ་ཚོགས་པེ་
ཅིང་དུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་04ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་གྱི་དགོང་མོར《དར་དམར་ལ་བསྟོད་གླུ་ལེན》ཞེས་པའི་འགྱུར་ཁུག་དང་བསྟུན་ནས་པེ་ཅིང་པའོ་ལི་ཟློས་གར་ཁང་དུ་ཡུན་རིང་འཁྲབ་མཚམས་བཞག་པའི་འཁྲབ་སྟོན་ཐོག་མ——“ཆེས་གཅེས་པར་འོས་པའི་མིར”ལག་རྟགས་འབུལ་བའི་སྤྱི་ཕན་མཉམ་དཀྲོལ་རོལ་དབྱངས་འདུ་ཚོགས་འཚོགས་ཤིང་། པེ་ཅིང་ཨའེ་གཡོད་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གྲགས་ཅན་རོལ་དབྱངས་མང་པོ་མཉམ་དུ་དཀྲོལ་ཏེ་སྤྱི་ཕན་འཁྲབ་སྟོན་གྱི་རྣམ་པར་བརྟེན་ནས་རིམས་འགོག་ལས་དོན་པར་གུས་འདུད་ཞུས་པ་རེད།
    ད་རེས་འཁྲབ་སྟོན་གྱི་རོལ་དབྱངས་ལེ་ཚན་ཁོངས་སུ་ཀྲུང་གོའི་བརྩམས་ཆོས《དར་དམར་ལ་བསྟོད་གླུ་ལེན》ཞེས་པ་དང་། 《ཡའོ་རིགས་ཀྱི་ཞབས་བྲོའི་རོལ་དབྱངས》 《གསར་བརྗེའི་བུད་མེད་དམག་དཔུང》བཅས་ཀྱི་རོལ་དབྱངས་ཀྱི་དུམ་བུ་བདམས་པ་མ་ཟད། ཕྱི་རྒྱལ་གྱི་བརྩམས་ཆོས《སྔོ་ལྗང་ཏོ་ནོ་གཙང་པོའི་སྐོར་བྲོའི་རོལ་མོ》《གྲོང་གསེབ་ཀྱི་རྟ་པའི》བར་དཀྲོལ་རོལ་དབྱངས་སོགས་ཡོད། རོལ་དབྱངས་འདུ་ཚོགས་འཚོགས་རྗེས་པེ་ཅིང་པའོ་ལི་ཟློས་གར་ཁང་ལས་འགོ་བསྐྱར་འཛུགས་དང་འཁྲབ་སྟོན་སླར་གསོ་བྱེད་འགོ་ཚུགས་པ་དང་། དེ་རྗེས་དབྱང་ཧྭ་ཟློས་གར《མཛའ་ཡིག》ཅེས་པ་འཁྲབ་སྟོན་བྱེད་འགོ་ཚུགས་ཉེར་ཡོད་པ་དང་། མོང་ཅིང་ཧུའེ་ལས་དོན་ཁང་གིས《ཉི་མ་དང་མུར་གོང》དང་། 《བར་སྣང་གི་མེ་ཏོག་ལྡུམ་རའི་མི་གསོད་གྱོད་གཞི》སོགས་ཀྱང་འཁྲབ་སྟོན་བྱས་པ་དང་། དྲ་ཕྱིར་རོལ་དབྱངས་འདུ་ཚོགས་སོགས་ཀྱི་བྱེད་སྒོའང་གཅིག་རྗེས་གཉིས་མཐུད་ངང་གཉེར་རྒྱུ་རེད།
    ངོ་སྤྲོད་བྱས་པར་གཞིགས་ན། རིམས་ནད་ཐོན་རིང་རྒྱ་ཆེའི་ལྟད་མོ་བའི་སྒྱུ་རྩལ་དང་རིག་གནས་ཀྱི་དགོས་མཁོ་བསྐོངས་བྱས་ནས་སྤྱི་དམངས་ཀྱི་བསམ་བློའི་རིག་གནས་དང་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆེད། དྲ་ཐོག་ནས་འཁྲབ་སྟོན་ལྟ་བའི་ལས་སྟེགས“པའོ་ལི་སྤྲིན་ཚོམ་ཟློས་གར་ཁང”ཟླ་3པའི་ཟླ་འགོར་དངོས་སུ་དྲ་ཐོག་ཏུ་བསྟན་ནས་ཟློས་གར་དང་། རོལ་དབྱངས་འདུ་ཚོགས། དགེ་རྒན་ཆེ་མོ་བའི་སློབ་ཁྲིད་སོགས་ཀྱི་ནང་དོན་མང་པོ་ལྟད་མོ་བས་རང་ཁྱིམ་ནས་ལྟ་ཐུབ་ཡོད།
   དྲ་ཕྱིའི་ཟློས་གར་ཁང་ལས་འགོ་བསྐྱར་འཛུགས་དང་འཁྲབ་སྟོན་སླར་གསོ་བྱས་པ་དང་ཆབས་ཅིག མིག་སྔར་པའོ་ལི་ཟློས་གར་ཁང་གིས་རྒྱལ་ཡོངས་སུ་གཉེར་སྐྱོང་དོ་དམ་བྱས་པའི་ཟློས་གར་ཁང་70ལྷག་ཙམ་གྱི་ཁྲོད་ནས་འཁྲབ་སྟོན་སླར་གསོ་དང་འཁྲབ་སྟོན་གྱི་ཐོག་མའི་ལས་འགན་ལེགས་གྲུབ་ཟིན་པའི་ཟློས་གར་ཁང་59ཡོད་པ་དེས་འཁྲབ་སྟོན་སླར་གསོ་ཐུབ་ཚད་85%ཙམ་ཟིན་ནས་རྒྱལ་ཡོངས་ཀྱི་འཁྲབ་སྟོན་ཁྲོམ་ར་སླར་གསོར་གསོན་ཤུགས་བསྣན་ཡོད་པ་རེད།