འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་4ཉིན།

༄༅།།དཔེ་མཛོད་ཁང་དུ་དབྱར་ཁའི་གུང་གསེང་གཏོང་བ།

—— ཀུའེ་ཀྲོའུ་ཚེ་ཧེང་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ བཀོད་སྒྲིག་བྱ་ཡུལ་དུ་བཅར་འདྲིར་བསྐྱོད་པའི་མཐོང་ཐོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་04ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཕྱི་དྲོའི་དབྱིན་ཡིག་གི་དགའ་མོས་འཛིན་གྲྭར་ཞུགས་རྗེས་ལི་ཅིན་མེ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་ལེ་ལག་ཚང་སྒྲིག་གིས་འཛུགས་སྐྲུན་བྱས་པའི་ཆའོ་ཧོ་དཔེ་མཛོད་ཁང་དུ་བསྐྱོད། ཁོང་གིས་དཔེ་སྒྲོམ་སྟེང་ནས་རྩོམ་ཡིག་ཕྱོགས་སྒྲིག་ཅིག་བླངས་ཏེ་སྡོད་ས་སྟོང་པ་ཞིག་བཙལ་ནས་ཁ་ཁུ་སིམ་མེར་དཔེ་དེབ་བལྟས།
    འདི་ལོ་ལོ་12ལ་སླེབས་པའི་ལི་ཅིན་མེ་སློབ་ཆུང་ཐོན་མ་ཐག་ཡིན་པ་དང་། 2017ལོར་ཁོང་དང་ནང་མི་རྣམས་ཀུའེ་ཀྲོའུ་ཞིང་ཆེན་ཚེ་ཧེང་རྫོང་ཀོ་ཁྲང་གྲོང་ཚོ་ནས་ཚེང་ཧེང་རྫོང་ཆའོ་མཱ་གྲོང་རྡལ་དུ་གནས་པའི་ཡུལ་གཞན་ནས་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ་སྤོས། ན་ནིང་ཟླ་3ཚེས་14ཉིན། ཆའོ་ཧོ་དཔེ་མཛོད་ཁང་དངོས་སུ་སྒོ་ཕྱེ་རྗེས་ལི་ཅིན་མེ་དཔེ་མཛོད་ཁང་དེར་རྟག་ཏུ་ཡོང་མཁན་གྱི་མགྲོན་པོར་གྱུར།
   ལི་ཅིན་མེ་རྩོམ་ཡིག་ཕྱོགས་སྒྲིག་དང་བརྩམས་སྒྲུང་ལྟ་རྒྱུར་ཧ་ཅང་དགའ་པོ་ཡོད་ཅིང་། ཁོང་གིས་གསར་འགོད་པར་རྩོམ་ཡིག་ཕྱོགས་སྒྲིག་བལྟས་ན་རྩོམ་འབྲིའི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་འདུག་ཅེས་བརྗོད་པ་དང་། ཁོང་གིས“སྔོན་ཆད་གུང་གསེང་གཏོང་སྐབས་གུང་གསེང་གི་སྦྱོང་ཚན་མང་པོ་ཡོད་སྟབས་དཔེ་དེབ་ལྟ་བའི་ཁོམ་པ་མེད། དཔེ་མཛོད་ཁང་དེར་དཔེ་དེབ་ཧ་ཅང་མང་པོ་འདུག་པས་ཤེས་བྱ་མང་པོ་ཞིག་སྦྱོང་ཐུབ་ཀྱི་འདུག”ཅེས་བརྗོད།
   ངོ་སྤྲོད་བྱས་པར་གཞིགས་ན། 2018ལོར་གྲབས་འཛུགས་བྱེད་འགོ་ཚུགས་པའི་ཆའོ་ཧོ་དཔེ་མཛོད་ཁང་ལ་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་250ཡོད་པ་དང་། མིག་སྔར་དཔེ་དེབ་སྣ་ཚོགས་ཁྲི་1.3ལྷག་ཙམ་ཡོད་པ་རེད།
   གསར་འགོད་པས་དཔེ་མཛོད་ཁང་ནས་མཐོང་བ་ལྟར་ན། དཔེ་མཛོད་ཁང་དུ་བྱིས་པའི་ཁུལ་དང་། གཞོན་ནུ་ལོ་ཆུང་ཁུལ། དར་མའི་ཁུལ་སོགས་ལ་དབྱེ་བ་དང་ཆབས་ཅིག་རང་སྦྱོང་ཁང་བཙུགས་ནས་སློབ་མར་སྦྱོང་ཚན་འབྲི་བར་མཁོ་འདོན་བྱས་ཡོད། ཆའོ་ཧོ་དཔེ་མཛོད་ཁང་གི་ཀོན་ཀྲང་ཁྲེན་ཀྲི་ཞ་ཡིས་གསར་འགོད་པར་མིག་སྔར་ཉིན་ལྟར་དཔེ་དེབ་ལྟ་བར་ཡོང་མཁན་མི་གྲངས་80ལྷག་ཙམ་ཟིན་པ་དེ་དག་གཙོ་བོ་ནི་སློབ་མ་རེད་ཅེས་བརྗོད།
   འདི་ལོའི་དབྱར་ཁའི་གུང་གསེང་རིང་སྤྱི་ཕན་རྩ་འཛུགས་ཤིག་གིས་ཆའོ་ཧོ་དཔེ་མཛོད་ཁང་ལ་དབྱར་ཁའི་གུང་གསེང་གི་དང་བླངས་པ་11བསྡུས་ནས། རོལ་དབྱངས་དང་། མཛེས་རྩལ། པར་ལེན། དབྱིན་ཡིག རི་མོའི་དཔེ་དེབ་ལྟ་ཀློག་སོགས་དགའ་མོས་སློབ་ཚན་བཙུགས་པར་ཁྱོན་བསྡོམས་མིང་ཐོ་འགོད་མཁན་ཕྲུ་གུ་150ལྷག་ཙམ་ཟིན་ཡོད། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བླང་བྱ་གཞིར་བཟུང་། དགའ་མོས་འཛིན་གྲྭ་རེར་སློབ་མ་20མན་ཚོད་འཛིན་བྱས་ཡོད།
   ཁྲེན་ཀྲི་ཞ་ཡིས། དགའ་མོས་འཛིན་གྲྭ་བཙུགས་པ་དེས་ཕྲུ་གུ་ཚོའི་གུང་གསེང་གི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཐུབ་པ་མ་ཟད། ཁོང་ཚོའི་ལག་ལེན་གྱི་ནུས་པ་མཐོ་རུ་དང་། བསམ་གཞི་རྒྱ་སྐྱེད། དགའ་མོས་གསོ་སྐྱོང་བཅས་ཀྱང་བྱེད་ཐུབ་ཅེས་བརྗོད།
   “རང་ཉིད་རོལ་དབྱངས་དང་དབྱིན་ཡིག་གི་དགའ་མོས་འཛིན་གྲྭ་གཉིས་ལ་མིང་ཐོ་བཀོད་པ་ཡིན། སློབ་ཚན་དེ་གཉིས་ཀར་ཧ་ཅང་དགའ་པོ་ཡོད་ལ་ལྷག་པར་དུ་དབྱིན་ཡིག་ལ་དེ་བས་དགའ་པོ་ཡོད། སློབ་དུས་རྗེས་མར་དམའ་རིམ་སློབ་འབྲིང་འགྲིམ་མཁན་ཡིན་པས་དབྱིན་ཡིག་གི་དགའ་མོས་འཛིན་གྲྭར་ཞུགས་པ་དེས་རང་ཉིད་ལ་རྨང་གཞི་ཡག་པོ་ཞིག་འདིང་ཐུབ”ཅེས་ལི་ཅིན་མེས་བརྗོད།
   ཀོང་ཏུང་གི་བུ་མོ་ཝང་སི་ཧྭ་ནི་ཆའོ་ཧོ་དཔེ་མཛོད་ཁང་གི་དང་བླངས་པ་11གི་གྲས་ཤིག་རེད། མིག་སྔར་དབྱིན་ཡིག་དགའ་མོས་འཛིན་གྲྭའི་སློབ་ཁྲིད་ཀྱི་འགན་འཁུར་བཞིན་ཡོད། ཁོང་གིས་གསར་འགོད་པར་རང་ཉིད་ཀྱི་སློབ་ཁྲིད་ནང་དོན་དེ་སྒྲ་རྟགས་དང་ཚིག་དུམ་སློབ་ཁྲིད་གཙོ་བོར་བྱེད་ཀྱི་ཡོད་ཅེས་བརྗོད། བྱིས་པ་ཚོའི་དབྱིན་ཡིག་གི་དགའ་མོས་གསོ་སྐྱོང་བྱ་ཆེད། ཝང་སི་ཧྭ་ཡིས་སློབ་ཁྲིད་ཁྲོད་དབྱིན་ཡིག་གི་ཁ་སྐད་དང་དབྱིན་ཡིག་གི་སྒྲ་སྦྱོར་སློབ་སྦྱོང་སོགས་ཀྱི་ནང་དོན་བསྣན་ཡོད།
   ཤེས་རྟོགས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཚེ་ཧེང་རྫོང་གིས་མི་གྲངས་87540ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་པའི་ལས་འགན་ལེགས་སྒྲུབ་བྱས་པ་དེ་ནི་ཀུའེ་ཀྲོའུ་ཞིང་ཆེན་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་མང་ཤོས་ཀྱི་རྫོང་ཞིག་ཡིན་ཞིང་། མིག་སྔའི་བར་རྫོང་ཡོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་7ལ་དཔེ་མཛོད་ཁང་བཙུགས་ནས་མང་ཚོགས་ལ་རིན་པ་མི་དགོས་པར་སྒོ་ཕྱེ་ཡོད།