འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་4ཉིན།

༄༅༎“དྲ་ཐོག་ཚོང་ཟོག་འཚོང་མཁན”བློ་བཟང་སྒྲོལ་མ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་04ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ན་ནིང་གི་དུས་ཚིགས་འདིར་བློ་བཟང་སྒྲོལ་མས་ཕ་མར་རོགས་པ་བྱས་ནས་ཞིང་ནང་དུ་གྲོ་དང་ནས་བརྔ་རོགས་བྱེད་བཞིན་ཡོད། འདི་ལོ། ལོ་24ལ་སླེབས་པའི་བློ་བཟང་སྒྲོལ་མས་ཡུལ་མི་ཚོས་ཤིང་འབྲས་ལན་མའེ་སོགས་ཀྱི་ཞིང་ལས་ཐོན་ཟོག་ལ་ལོ་ལེགས་བྱུང་བ་མཐོང་ནས་རང་ཉིད་ཀྱིས“དྲ་ཐོག་ཚོང་ཟོག་བཙོང་རྒྱུར”བྲེལ་བཞིན་ཡོད།
     ལས་ཀ་གསར་པ་དེ་འདི་ལོའི་ཟླ་དྲུག་པར་ཚོང་ཟོག་དྲ་ཐོག་ནས་ཐད་འཚོང་བྱས་པ་ནས་འགོ་ཚུགས་པ་ཞིག་རེད། དྲ་རྒྱའི་ཐོག་ཚོང་ཟོག་ཐད་ཚོང་བྱས་པ་དེས་ཕ་ཡུལ་གྱི་དབྱར་རྩྭ་དགུན་འབུ་དང་། ཁ་ཆེ་ཤ་སྐམ་འཚོང་རྒྱུར་སྣེ་ཁྲིད་ཐུབ་པ་མ་ཟད། བློ་བཟང་སྒྲོལ་མ་ས་གནས་དེ་གའི་དྲ་ཐོག་མི་སྣ་གྲགས་ཅན་ཞིག་ཏུའང་གྱུར་ཞིང་། ཆུ་ཚོད་གཉིས་ཙམ་རིང་། ཁོང་གིས་དྲ་ཐོག་ཐད་འཚོང་ལས་བྱུང་བའི་དངུལ་སྒོར་ཁྲི་60ལས་བརྒལ་ནས་རང་ཉིད་ལ་བགོ་འགྲེམས་སྒོར་ཁྲི་2ལྷག་བྱུང་བ་རེད།
     བྱ་དགའ་བླངས་པའི་རྗེས་སུ། བློ་བཟང་སྒྲོལ་མས་སྔོན་ལ་ལག་ཐོགས་ཁ་པར་གསར་པ་ཞིག་ཉོས་པ་རེད། ཁོང་གིས་ལག་ཐོགས་ཁ་པར་གསར་པས་བརྒྱབ་པའི་པར་ཧ་ཅང་གསལ་པོ་འདུག་ལ་ནུས་པའང་མང་པོ་ལྡན་འདུག་པས་འདི་ལོའི་ཟླ་བཅུ་པར་ཚོང་ཟོག་དྲ་ཐོག་ཏུ་ཐད་ཚོང་བྱ་རྒྱུར་ཕན་ཐོགས་ཆེན་པོ་ཞིག་ཐུབ་རྒྱུ་རེད་ཅེས་བཤད།
     བློ་བཟང་སྒྲོལ་མ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ནས་ཡིན་པ་དང་། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་རོང་སར་ཆགས་པས། ལོ་འཁོར་མོར་ཉི་འོད་དྲོ་ལ་ཆར་ཆུ་འབེལ་བ། དབྱར་རྩྭ་དགུན་འབུ་དང་། སྟར་ཁ། སུར་པན། ཁ་ཆེ་ཤ་སྐམ་སོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་དེའི་ཁྲོད་ནས་ཐོན་པའི་སྟར་ཁ་སྐད་གྲགས་ཆེན་པོ་ཡོད། ད་ཆ་རྫོང་དེ་ཡོངས་སུ་སྟར་ཁའི་སྡོང་པོ་ཁྱོན་མུའུ་ཁྲི་3.4བཏབ་ཡོད། ལོ་ངོ་སྟོང་ལ་ཟིན་པའི་སྟར་སྡོང་3500ལྷག་ཡོད་པར་ལོར་སྟར་ཁ་ཏུན་500ལྷག་ཟིན་གྱི་ཡོད་པ་རེད།
     ཟོག་འདྲེན་གྱི་ཆ་རྐྱེན་ལེགས་སུ་དང་དྲ་རྒྱ་སྤྱོད་ཚད་ཆེ་རུ་ཕྱིན་པ་དེས་རྒྱ་ཚའི་མང་ཚོགས་ལ་ཡོང་འབབ་གསོག་བྱེད་ཀྱི་ལམ་བུ་གསར་པ་ཞིག་བཏོད་ཡོད། རྒྱ་ཚ་རྫོང་དྲ་ཐོག་ཚོང་དོན་གྱི་འགན་འཁུར་བ་ཡེ་ཆིང་གིས་རྒྱ་ཚ་རྫོང་གིས་སྲིད་འཛིན་གྲོང་ཚོ་ཚང་མར་ཁྱབ་པའི་དྲ་ཐོག་ཚོང་དོན་གྱི་ཟོག་འདྲེན་ཞབས་ཞུའི་ས་ཚིགས་བསྐྲུན་ཟིན་ནས་རྫོང་དང་གྲོང་ཚོའི་དབར་གྱི་དངོས་ཟོག་སྐྱེལ་འདྲེན་བྱ་རྒྱུ་ཚང་མར་རིན་པ་སྤྲོད་དགོས་ཀྱི་མེད། 2019ལོར་རྫོང་དེ་ཡོངས་སུ་དྲ་ཐོག་ཚོང་དོན་བཙོངས་འབོར་སྒོར་ཁྲི་2500ལྷག་ཟིན་ནས་དུས་མཚུངས་ལས་95.98 %འཕར་བ་དང་། ཞིང་འབྲོག་པ་དང་སློབ་ཆེན་སློབ་མ་མི་ཐེངས་4000ལྷག་ཙམ་སྔ་རྗེས་སུ་གསོ་སྦྱོང་བྱས་ཡོད།
     བློ་བཟང་སྒྲོལ་མ་ནི་དྲ་ཐོག་ཚོང་དོན་གསོ་སྦྱོང་བྱས་པའི་ཁྲོད་ཕན་པ་ཐོབ་མཁན་གྱི་གྲས་ཤིག་ཡིན་ཞིང་། 2018ལོར་སི་ཁྲོན་ཚན་རྩལ་སློབ་ཆེན་ནས་ཐོན་པའི་རྗེས་སུ། ཁོང་ཕ་ཡུལ་གྱི་དྲ་ཐོག་ཚོང་དོན་སྡེ་ཚན་ལ་ལས་ཀ་བྱས་ནས་བསྡད་པ་དང་། ཟླ་རེར་གླ་ཆ་སྒོར་ལྔ་སྟོང་དྲུག་སྟོང་ཡོད་པ་རེད། མཐོང་བ་ཙམ་གྱིས་དགའ་སྣང་སྐྱེ་བའི་བློ་བཟང་སྒྲོལ་མས་ཉིན་ལྟར་ཁྱུག་དབྱིངས་ཁྱུག་ལག་སོགས་ལག་ཐོགས་ཁ་པར་ནང་གི་APPཀྱི་ལས་སྟེགས་བརྒྱུད་རང་ཉིད་ཀྱི་ལས་ཀ་དང་། འཚོ་བའི་སྐོར་གཞན་ལ་མཉམ་སྤྱོད་བྱ་རྒྱུར་དགའ་པོ་ཡོད་པར་བརྟེན་ཁོང་ལ་ཧྥེན་སི་མང་པོ་ཡོད་པ་རེད། ལས་ཀར་ཞུགས་ནས་མི་རིང་བར་ཁོང་དང་ཕ་ཡུལ་གཅིག་པའི་ན་གཞོན་གཞན་བཅོ་ལྔ་ཧུའུ་པེའི་དབྱི་ཁྲང་ལ་གསོ་སྦྱོང་བྱེད་པར་འགྲོ་བའི་གོ་སྐབས་བྱུང་ནས“སློབ་ཚན་འཚོགས་ནས་གསོ་སྦྱོང་དང་། འཛིན་གྲྭ་གཞན་དང་མཉམ་དུ་ལག་ལེན་ལ་ཞུགས་པ། ས་གནས་ས་ཐོག་ལ་ལྟ་སྐོར་བྱེད་པ་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་བརྒྱུད་དྲ་ཐོག་ཚོང་དོན་གྱི་ཤེས་བྱ་ཕྱོགས་ཡོངས་ནས་སློབ་སྦྱོང་བྱ་རྒྱུ་བྱུང་བ་རེད།
     “ཁོ་མོ་ད་ཆའི་ལས་ཀར་ཧ་ཅང་དགའ་པོ་ཡོད། ཉིན་ལྟར་ལག་ཐོགས་ཁ་པར་ནང་ཧྥེན་སི་མང་དུ་འགྲོ་བ་མཐོང་སྐབས་ཧ་ཅང་དགའ་པོ་འདུག ཕ་ཡུལ་གྱི་ཡུལ་མི་རྣམས་ལ་ཚོང་ཟོག་ཚོང་རོགས་བྱེད་པ་གཙོ་བོ་ཡིན་པས། དེ་ལྟར་བྱུང་ཚེ་ཁོ་མོར་གྲུབ་འབྲས་ཐོབ་པའི་མྱོང་ཚོར་ཡོང་གི་འདུག”ཅེས་བློ་བཟང་སྒྲོལ་མས་བཤད།
     དྲ་ཐོག་ཚོང་ཟོག་ཐད་ཚོང་བྱེད་ཐེངས་དང་པོའི་གནས་ཚུལ་དྲན་པའི་བློ་བཟང་སྒྲོལ་མས“དེ་དུས་སེམས་ནང་དངངས་འཚབ་ཆེན་པོ་བྱུང་། ཐད་ཚོང་བརྒྱུད་རིམ་ཧྲིལ་པོར་ཁོ་མོའི་གདོང་པ་དམར་པོར་གྱུར་སོང་བས། གཞན་གྱིས་ཕལ་ཆེར་ས་མཐོའི་ཉི་འོད་ཀྱིས་དམར་པོར་གྱུར་པ་ཡིན་པ་སྙམ་སྲིད་ཀྱང་། དོན་ལ་ཁོ་མོ་ངོ་ཚ་བ་ལས་བྱུང་བ་ཞིག་ཡིན་པ་ཤེས་མི་ཐུབ”ཅེས་འཛུམ་དམུལ་དམུལ་ངང་བཤད།
     དྲ་ཐོག་ཚོང་ཟོག་ཐད་ཚོང་ཐེངས་དང་པོ་བྱས་པ་དེས་བློ་བཟང་སྒྲོལ་མར་ཉམས་མྱོང་བྱུང་ལ། རྗེས་མར་སྟར་ཁ་དྲ་ཐོག་ནས་ཐད་ཚོང་བྱ་རྒྱུར་གྲ་སྒྲིག་ཡག་པོ་ཞིག་ཀྱང་བྱུང་ཡོད། རྒྱུན་གཏན་ལས་ཀ་བྱེད་རིང་། ཁོང་གིས་རྫོང་དེ་ཡོངས་ཀྱི་དྲ་ཐོག་ཚོང་དོན་ཚོང་ཁང་31ལ་རེས་མོས་ངང་ལས་རེས་བྱས་ནས་ཚོང་ཟོག་གང་ཞིག་ཚོང་གཉེར་དང་ཁྱབ་གདལ་བྱ་རྒྱུར་འཚམ་པ་ཡོད་མེད་བརྟག་ཞིབ་བྱེད་དགོས་ཀྱི་ཡོད། དྲ་ཐོག་ཚོང་ཁང་གི་ཚོང་སྒྲོམ་སྟེང་ས་གནས་ཀྱི་ཐོན་ཟོག་རིགས་19དང་སྣ་ཁ་52ཙམ་ཡོད་པའི་ཁྲོད། དབྱར་རྩྭ་དགུན་འབུ་དང་། སྟར་ཁ། ཤིང་ཕོར། རྡོ་ཁོག་སོགས་ཀྱི་ཁྱད་ལྡན་ཐོན་ཟོག་ཙམ་མ་ཟད། ཞིབ་ཚགས་ལས་སྣོན་གྱི་ཞིང་ལས་ཐོན་ཟོག་ཀྱང་ཡོད་པ་རེད།
     དྲ་ཐོག་ཚོང་དོན་འཕེལ་རྒྱས་ཕྱིན་པ་དེས་རྒྱ་ཚ་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་པ་ཆེན་པོ་ཞིག་ཐུབ་ཡོད། འདི་ལོའི་ལོ་སྟོད་དུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མི་ཐེངས་1107ལ་ཞབས་འདེགས་ཞུས་ཏེ་དངོས་ཤུགས་གཉིས་ཀྱི་ཐོག་ནས་དུད་ཚང་དབུལ་པོར་རོགས་པ་བྱས་ཏེ་དྲ་ཐོག་ནས་ཚོང་ཟོག་བཙོངས་པའི་དངུལ་སྒོར་ཁྲི་20.63ཟིན་ཞིང་། ད་ཆ་རྒྱ་ཚ་རྫོང་གིས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ཟོག་འདྲེན་སྡེབ་སྐྱེལ་མ་ལག་ཅིག་བཙུགས་པས་རྫོང་རིམ་པའི་ཟོག་འདྲེན་མཛོད་ཁང་ལྟེ་གནས་ནས་གྲོང་ཚོ་རིམ་པའི་དྲ་ཚིགས་བར་ཉིན་གསུམ་ནང་ཚོང་ཟོག་སྐྱེལ་ཐུབ་ཀྱི་ཡོད་པ་རེད།
     “ཕ་ཡུལ་གྱི་སྟར་ཁས་བཟོས་པའི་སྣུམ་གྱི་ཐོན་ཟོག་གསར་སྤེལ་བྱས་ཟིན་ནས་ད་ཆ་བྲིན་ཁ་རྒྱུག་ཚད་ཡག་པོ་ཡོད། སླད་ཕྱིན་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་ཟོག་མང་པོ་ཞིག་རྒྱལ་ཡོངས་ཀྱི་ས་གནས་ཁག་ལ་བཙོངས་ནས་དྲ་ཐོག་ཚོང་ཟོག་བྲིན་ཚད་ཆེ་རུ་གཏོང་རྒྱུའི་འདུན་པ་ཡོད”ཅེས་བློ་བཟང་སྒྲོལ་མས་བཤད།