འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་3ཉིན།

༄༅༎ཁུ་ཁུ་ཤིས་རིའི་གཙོད་ཨ་མ་ཕྱིར་ལོག་བྱེད་པའི་ནམ་དུས་ཤར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་03ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་ཆུའི་ཆུ་འགོའི་གླིང་གི་ཁུ་ཁུ་ཤིས་རིའི་དོ་དམ་ཁྲུའི་སྨུག་པ་ལ་སྒང་སྲུང་སྐྱོང་ས་ཚིགས་ནས་ཤེས་རྟོགས་བྱུང་བར། ལྟ་ཞིབ་ཚད་ལེན་ལས། དེ་གོང་ཁུ་ཁུ་ཤིས་རིའི་མཐིལ་གྱི་རྩོ་ནག་མཚོའི་ཁུལ་དུ་གཙོད་ཨ་མ་གཙོད་ཕྲུག་བཙས་ཟིན་ནས་གཙོད་ཕྲུག་དང་མཉམ་དུ་ཐོག་མའི་གནས་བཅའ་ཡུལ་དུ་ཕྱིར་ལོག་བྱེད་འགོ་ཚུགས་པ་མངོན་ཡོད།
     སྨུག་པ་ལ་སྒང་སྲུང་སྐྱོང་ས་ཚིགས་ཉེ་འགྲམ་གྱི་ལྟ་ཞིབ་ཚད་ལེན་ལས་མངོན་པར། ཟླ་7ཚེས་25ཉིན་གཙོད་མོ་40ཙམ་གྱིས་གཙོད་ཕྲུག་3ཁྲིད་དེ་མཚོ་བོད་གཞུང་ལམ་གྱི་སྤྱི་ལེ་3002མཚམས་དང་མཚོ་བོད་ལྕགས་ལམ་གྱི་སྨུག་པ་ལ་སྒང་ཟམ་ཆེན་བྱང་མ་བརྒལ་ནས་གཙོད་ཕྱིར་ལོག་བྱེད་འགོ་ཚུགས་ཟིན་པ་རེད།
     རིགས་གཅིག་མཁས་ཅན་གྱིས་དབྱེ་ཞིབ་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ཕྱིར་ལོག་བྱས་པའི་གཙོད་ཀྱི་ཁྲོད་གཙོད་ཕྲུག་གྲངས་འབོར་གྱིས་གཙོད་ཁྱུའི་བསྡོམས་འབོར་གྱི་བཞི་ཆ་གཅིག་ནས་ལྔ་ཆ་གཅིག་བར་བཟུང་ཡོད། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ལེན་ཤིན་མིན་གྱིས“ཐོག་མར་ཕྱིར་ལོག་བྱེད་སྐབས་ལམ་བར་ནས་གཞན་གྱིས་བཟུང་བའི་ཉེན་ཁ་ཆེན་པོ་འཕྲད་པར་བརྟེན་གཙོད་ཁྱུའི་ཁྲོད་གཙོད་ཕྲུག་གི་གྲངས་འབོར་ཉུང་ཉུང་ཡིན་པ་དང་ཐ་ན་གཙོད་ཕྲུག་མེད་པའི་སྣང་ཚུལ་ཡང་ཐོན་གྱི་ཡོད”ཅེས་བཤད།
     གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་ཆུའི་ཆུ་འགོའི་གླིང་གི་ཁུ་ཁུ་ཤིས་རིའི་དོ་དམ་ཁྲུའི་བསྡོམས་རྩིས་ལ་གཞིགས་ན། གཙོད་ཕྱིར་ལོག་གི་གྲངས་འབོར་ལོ་རེ་བཞིན་མང་དུ་འགྲོ་བའི་རྣམ་པ་མངོན་པ་དང་། 2019ལོར་གཙོད་ཕྱིར་ལོག་གི་གྲངས་འབོར་4860ཟིན་པ་དེ་2018ལོ་ལས་338ཀྱིས་མང་བ་ཡོད་པ་རེད། ལེན་ཤིན་མིན་གྱིས“སྔོན་དཔག་བྱས་ན། འདི་ལོར་ཟླ་དགུ་པའི་ཟླ་འགོར་གཙོད་ཕྱིར་ལོག་བྱེད་མཇུག་འགྲིལ་རྒྱུ་ཡིན་པ་དང་། དེ་དུས་གཙོད་ཕྱིར་ལོག་གི་གྲངས་འབོར་སྔར་བཞིན་མུ་མཐུད་འཕར་རྒྱུའི་རེ་བ་ཡོད”ཅེས་བཤད།
     གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཤིག་རེད། ལོ་ལྟར་གྱི་ཟླ་བ་ལྔ་པའི་ཟླ་མཇུག་ཏུ་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོ་དང་། བོད་ཀྱི་བྱང་ཐང་། ཤིན་ཅང་གི་ཨའར་ཅིན་ཧྲན་རི་བོ་སོགས་སུ་གནས་བཅའ་བའི་གཙོད་མང་པོ་ཁུ་ཁུ་ཤིས་རིའི་མཐིལ་གྱི་རྩོ་ནག་མཚོར་གཙོད་ཕྲུག་སྐྱེ་བར་ཡོང་གི་ཡོད། རང་རྒྱལ་གྱི་གཙོད་ཕྲུག་སྲུང་སྐྱོང་བྱེད་མཁན་རིགས་གཅིག་མཁས་ཅན་ཧྲའན་ཤིས་ཞིང་ཆེན་སྲོག་ཆགས་ཞིབ་འཇུག་ཁང(ནུབ་བྱང་གི་སྟོངས་ལ་ཉེ་བའི་སྲོག་ཆགས་ཞིབ་འཇུག་ཁང)གི་ཞིབ་འཇུག་པ་ཝུའུ་ཞའོ་མིན་གྱིས“གཙོད་ཕྲུག་ཕྱིར་ལོག་བྱེད་པ་ནི་གཙོད་ཨ་མས་གཙོད་ཕྲུག་སྐྱེས་རྗེས་ཕྲུ་གུ་ཁྲིད་ནས་རིམ་བཞིན་གནས་བཅའ་ཡུལ་དུ་ཕྱིར་ལོག་པའི་བརྒྱུད་རིམ་ཞིག་ཡིན། ཐོག་མར་གཙོད་ཕྲུག་སྐྱེ་ས་ནས་ཕྱིར་ལོག་མཁན་གཙོད་ཁྱུའི་གྲངས་འབོར་ཤིན་ཏུ་མང་མོད། རྗེས་སུ་གཙོད་རྣམས་གཙོད་ཀྱི་རིགས་མི་འདྲ་བ་དང་ལམ་མི་འདྲ་བ་བརྒྱུད་ནས་རང་རང་གི་གནས་བཅའ་ཡུལ་དུ་ཕྱིར་ལོག་བྱེད་ཀྱི་ཡོད”ཅེས་བཤད།
     གཙོད་ཁྱུ་བདེ་བླག་ངང་ཕྱིར་ལོག་ཐུབ་རྒྱུ་འགན་ལེན་བྱ་ཆེད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འབྲི་ཆུའི་ཆུ་འགོའི་གླིང་ཁུ་ཁུ་ཤིས་རི་དོ་དམ་ཁྲུའུ་ཡིས་གཙོད་ཕྱིར་ལོག་བྱ་ཡུལ་གྱི་གཙོ་གནད་ས་ཁོངས་སུ་ལས་དོན་པ་བཀོད་སྒྲིག་བྱས་ནས་ལྟ་ཞིབ་ཚད་ལེན་དང་ཁོངས་གཏོགས་ཁུལ་ལ་སྐོར་གཡེང་མུ་མཐུད་བྱེད་བཞིན་ཡོད་པ་དང་། གལ་སྲིད་གཙོད་ཁྱུས་གཞུང་ལམ་སྒྲོལ་རྩིས་ཡོད་ཚེ། རི་སྐོར་རྒྱག་མཁན་རུ་ཁག་གིས་འཕྲལ་མར་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱས་ནས་གཙོད་ཁྱུ་བདེ་བླག་ངང་སྒྲོལ་དུ་བཅུག་སྟེ། གང་ཐུབ་ཅི་ཐུབ་ཀྱིས་མིའི་གནོད་འཚེ་མི་ཕོག་པ་བྱེད་བཞིན་པ་གསར་འགོད་པས་ཤེས་རྟོགས་བྱུང་།