མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གཉིས་པའི་ཐོག བསམ་བློ་གཅིག་གྱུར་དང་། 
གདེང་ཚོད་བརྟན་པོ། ངར་ཤུགས་གཅིག་སྒྲིལ། ལས་དོན་ལ་དམ་འཛིན་བཅས་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་དེང་
རབས་ཅན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་02ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་30ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གཉིས་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་རྒྱལ་ཁབ་སྟོབས་ཆེར་གཏོང་བར་ངེས་པར་དུ་དམག་དཔུང་སྟོབས་ཆེར་གཏོང་དགོས། དམག་དཔུང་སྟོབས་ཆེར་སོང་ན་རྒྱལ་ཁབ་གཞི་ནས་བདེ་འཇགས་ཡོང་ཐུབ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་འཕེལ་རྒྱས་དང་། བདེ་འཇགས། རྒྱལ་ཕྱུག དམག་ཧྲག་བཅས་ལ་ངེས་པར་དུ་སྤྱི་འདོམས་བྱས་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཕེལ་རིམ་རྒྱལ་ཁབ་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་དང་འཚམ་མཐུན་ཡོང་བ་དང་། དམག་དོན་ནུས་པ་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་དང་འཚམ་མཐུན་ཡོང་བའི་འགན་ལེན་བྱེད་དགོས། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ནི་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས་བསམ་བློ་གཅིག་གྱུར་དང་། གདེང་ཚོད་བརྟན་པོ། ངར་ཤུགས་གཅིག་སྒྲིལ། ལས་དོན་ལ་དམ་འཛིན་བཅས་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
     དམག་དོན་ཚན་རིག་ཁང་གི་ཞིབ་འཇུག་པ་བློ་མཐུན་ཁྲེན་རུང་ཏིས་གནད་དོན་དེའི་ཐད་འགྲེལ་བཤད་བསྐྱོན་པ་དང་འབྲེལ། བསམ་འཆར་དང་གྲོས་འགོ་ཡང་བཏོན་གནང་བ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཁོང་གི་འགྲེལ་བཤད་ནན་ཏན་ངང་གསན་པ་དང་འབྲེལ། གྲོས་བསྡུར་ཡང་གནང་བ་རེད།
     ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གནང་ཞིང་། ཁོང་གིས། རྒྱལ་སྲུང་སྲ་བརྟན་དང་དམག་དཔུང་སྟོབས་ཆེན་འཛུགས་སྐྲུན་བྱེད་པ་ནི་རང་རེའི་ཏང་གིས་འབད་བརྩོན་ཆེན་པོས་དོན་གཉེར་བྱེད་པའི་དམིགས་ཚད་ཅིག་རེད། ཡུན་རིང་གི་ལག་ལེན་དངོས་ནང་། རང་རེའི་ཏང་གིས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྲུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྤྱི་ཡོངས་ཀྱི་གནས་བབ་གལ་ཆེན་དུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་དཀའ་བ་མང་པོ་སྤྱད་ཁར་འབད་བརྩོན་ཡང་ཧུར་ཐག་བྱས་པས་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་དུས་རབས་གསར་པར་ཏང་གི་དམག་དཔུང་སྟོབས་ཆེན་གྱི་དམིགས་ཚད་མངོན་འགྱུར་བྱེད་པར་དམིགས་ཏེ་མཛད་ཕྱོགས་དང་རྩ་དོན་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པ། ལས་དོན་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བཏང་ནས་དམག་དཔུང་སྟོབས་ཆེན་གྱི་བྱ་གཞག་གི་རྣམ་པ་གསར་པ་བཏོད་ཡོད། ད་ལོ་ང་ཚོས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་2020ལོའི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་རྒྱུ་དང་ཆབས་ཅིག་བབ་བསྟུན་འཕྲལ་སྒྲུབ་ཀྱིས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་དང་རང་རེའི་དམག་དཔུང་ཕྱོགས་ཡོངས་ནས་འཛམ་གླིང་གི་དམག་དཔུང་ཡག་ཤོས་སུ་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་གསར་པར་སྐྱོད་དགོས་ཞེས་གསུངས་པ་རེད།

  
style="display:none;"