མི་དམངས་དྲ་བ།

༄༅༎ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་
ལྔ་པ་འཚོག་རྒྱུའི་གཏན་འབེབས་དང་མིག་སྔའི་དཔལ་འབྱོར་གྱི་དུས་བབ་དང་དཔལ་འབྱོར་གྱི་ལས་དོན་ལ་དབྱེ་ཞིབ་དང་
ཞིབ་འཇུག་བྱས་པ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་01ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ■ ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་པར་བརྟན་ཐོག་ཡར་འཕེལ་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་དེ་བས་ལེགས་པའི་སྒོ་ནས་སྤྱི་འདོམས་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། འཐབ་ཇུས་ཀྱི་གཞི་རྩ་ཡིན་པའི་ནང་མཁོ་རྒྱ་ཆེར་གཏོང་རྒྱུར་སྟངས་འཛིན་ནན་པོ་བྱེད་པ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ་དང་དེར་སྲུང་སྐྱོང་ཤུགས་ཆེན་བྱེད་པ། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་སྤྱི་ཚོགས་བརྟན་ལྷིང་གི་སྤྱི་ཡོངས་ལ་སྲུང་སྐྱོང་བྱས་ནས་ལོ་འཁོར་མོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་30ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ། འདི་ལོའི་ཟླ་10པར་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོག་རྒྱུའི་གཏན་འབེབས་བྱས་ཤིང་། གྲོས་རིམ་གཙོ་བོ་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་ཕུགས་ཀྱི་དམིགས་ཚད་བཟོ་རྒྱུའི་སྐོར་གྱི་གྲོས་འགོར་ཞིབ་འཇུག་བྱ་རྒྱུ་བཅས་རེད། ཚོགས་འདུའི་ཐོག་མིག་སྔའི་དཔལ་འབྱོར་གྱི་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་དང་ལོ་སྨད་ཀྱི་དཔལ་འབྱོར་གྱི་ལས་དོན་ལ་བཀོད་སྒྲིག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཚོགས་འདུའི་ཐོག་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་པར་བརྟན་ཐོག་ཡར་འཕེལ་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་དེ་བས་ལེགས་པའི་སྒོ་ནས་སྤྱི་འདོམས་བྱེད་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། འཐབ་ཇུས་ཀྱི་གཞི་རྩ་ཡིན་པའི་ནང་མཁོ་རྒྱ་ཆེར་གཏོང་རྒྱུར་སྟངས་འཛིན་ནན་པོ་བྱེད་པ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ་དང་དེར་སྲུང་སྐྱོང་ཤུགས་ཆེན་བྱེད་པ། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་སྤྱི་ཚོགས་བརྟན་ལྷིང་གི་སྤྱི་ཡོངས་ལ་སྲུང་སྐྱོང་བྱས་ནས་ལོ་འཁོར་མོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
     ཚོགས་འདུའི་ཐོག་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དམ་འཛིན་ནན་པོ་བྱས་ཏེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྨན་བཅོས་འཕྲོད་བསྟེན་གྱི་དངོས་ཟོག་གྲབས་གསོག་ལ་ཤུགས་སྣོན་རྒྱག་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་ནང་གི་དགོས་མཁོ་རྒྱུན་མཐུད་རྒྱ་ཆེར་གཏོང་བ་དང་། རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱེད་པ། མཐའ་མཇུག་གི་འཛད་སྤྱོད་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་གྲོང་མིའི་འཛད་སྤྱོད་རིམ་སྤོར་ལ་ཆ་རྐྱེན་གཏོད་དགོས། ཕུགས་ལ་དམིགས་ཏེ་གོ་ཆོད་མ་འཇོག་བྱེད་རྒྱ་ཆེ་རུ་ཧུར་ཐག་གཏོང་བ་དང་སྤྱི་ཚོགས་ཀྱི་མ་རྩ་ཞུགས་རྒྱུར་སྐུལ་ལྕག་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། གཙོ་ཆེའི་ས་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་རྣམ་གྲངས་གལ་ཆེན་ལག་བསྟར་བྱེད་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། རྣམ་གསར་གྲོང་ཁྱེར་གྲོང་རྡལ་ལ་བརྟེན་ནས་མ་འཇོག་དང་འཛད་སྤྱོད་ཀྱི་དགོས་མཁོར་སྐུལ་ཁྲིད་བྱས་ཏེ་ཡུག་འབྲེལ་གྲོང་ཚོགས་དང་གྲོང་ཚོམས་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བ་བྱེད་པ་དང་འགྲན་རྩོད་ནུས་པ་ཆེ་རུ་བཏང་སྟེ་ཞན་ཆ་སེལ་བ་དང་དོ་སྙོམས་ཡོང་བར་དེ་བས་དོ་སྣང་བྱེད་དགོས། ཞིང་ལས་ཀྱི་རྨང་གཞིའི་གནས་བབ་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་གཏོང་དགོས། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་དེ་བས་ཤུགས་ཆེན་བཏང་སྟེ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་ལ་བརྟེན་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི་ལག་བསྟར་ཡག་པོ་བྱས་ནས་སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་དགོས། མ་རྩའི་ཁྲོམ་རའི་རྨང་གཞིའི་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། འཛིན་ལོར་གྱི་ཁྲིམས་འགལ་བྱེད་སྤྱོད་ལ་ཁྲིམས་བཞིན་རྡུང་རྡེག་ནན་པོ་གཏོང་བ། མ་རྩའི་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཁང་པ་ནི་སྡོད་ས་ཡིན་པ་ལས་འཚོང་རྒྱུ་དམིགས་ཡུལ་མིན་པའི་ངེས་གནས་མཐའ་འཁྱོངས་བྱས་ནས་ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། དམངས་འཚོ་འགན་ལེན་ཡག་པོ་བྱེད་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་པ། བྱ་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་ཀྱིས་ན་གཞོན་ཚོ་ལས་ཞུགས་བྱེད་པར་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་གཏོང་བ། ཕྱིར་སྐྱོད་ཞིང་པ་ལས་མིའི་ལས་ཞུགས་ཞབས་ཞུར་ཤུགས་སྣོན་རྒྱག་པ། ཕ་ཡུལ་དུ་ལོག་པའི་ཞིང་པ་ལས་མི་ཐག་ཉེ་སར་ལས་ཞུགས་བྱེད་པར་ཁྲིད་སྟོན་བཅས་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་ད་ཡོད་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་སྒྲོལ་དང་རྫོང་དབུལ་པོ་ཚང་མ་དབུལ་ཞྭ་འབུད་ཐུབ་པའི་འགན་ལེན་བྱེད་དགོས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་བརྒྱབ་སྟེ་འབྲི་ཆུ་དང་རྨ་ཆུའི་སྣོད་བཅུད་སྲུང་སྐྱོང་གི་འདུ་འགོད་གལ་ཆེན་ཁག་གཅིག་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་འབྲི་ཆུར་ལོ་བཅུའི་རིང་ཉ་འཛིན་མི་ཆོག་པ་དོན་འཁྱོལ་ཡག་པོ་བྱེད་དགོས། འཕྲལ་སྡོམ་དོ་དམ་ལ་དམ་འཛིན་ཡག་པོ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ལ་ཤུགས་སྣོན་རྒྱག་དགོས། འབྲུབ་འགོག་གེགས་སེལ་སྒྲིག་འཛུགས་ནུས་ལྡན་བྱས་ཏེ་ལྷོ་རྒྱུད་དང་བྱང་རྒྱུད་ཀྱི་གཙང་པོ་དང་ཆུ་བོ་བདེ་འཇགས་ཡོང་བར་སྤྱི་འདོམས་ངང་དམ་འཛིན་ལྷོད་མེད་དང་། གེགས་རྗེས་བསྐྱར་སྐྲུན་འཆར་འགོད་ཞིབ་ཚགས་དང་ལག་བསྟར་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
     ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

  
style="display:none;"