མི་དམངས་དྲ་བ།

༄༅༎མིག་སྔའི་དཔལ་འབྱོར་གྱི་དུས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཐད་ཀྲུང་གུང་ཀྲུང་དབྱང་གིས་
ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་01ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། ལི་ཁེ་ཆང་གིས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ། དབང་དབྱང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཕེབས་པ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་28ཉིན་ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ནས་མིག་སྔའི་དཔལ་འབྱོར་གྱི་དུས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཐད་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་མིག་སྔའི་དཔལ་འབྱོར་གྱི་དུས་བབ་ལ་ངོས་འཛིན་ཡང་དག་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་དེ་བས་ནུས་ལྡན་གྱི་སྒོ་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ལ་འཕྲད་པའི་དཀའ་ངལ་སྣ་ཚོགས་ཧུར་ཐག་སེལ་བ་དང་། ཕྱོགས་ཁག་གི་ཉེན་ཁ་དང་འགྲན་སློང་དང་གནོན་ཤུགས་ཆེན་པོ་སེལ་བ་བཅས་བྱས་ཏེ་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ཆེད་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་དང་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། ང་ཚོར་འགྲན་སློང་ལ་ཁ་གཏད་གཅོག་པའི་ཆོད་སེམས་བརྟན་པོ་དང་། བློ་སྟོབས་བརྟན་པོ། རྒྱལ་སྟོབས་བརྟན་པོ་བཅས་ཡོད་པ་དང་། ཉེན་ཁ་དང་ཚོད་བགམ་སྣ་ཚོགས་ལས་རྣམ་པར་རྒྱལ་བའི་ནུས་པ་དང་གཏིང་ཤུགས་དང་། བློ་གྲོས་བཅས་ཡོད་པས་རྒྱལ་ཁབ་གང་ཞིག་དང་མི་སུ་ཞིག་གིས་ཀྱང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་གོམ་སྟབས་འགོག་མི་ཐུབ་ཅེས་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་བཞུགས་མོལ་ཚོགས་འདུར་ཕེབས་ཤིང་། ལི་ཁེ་ཆང་གིས་ལོ་སྟོད་ཀྱི་དཔལ་འབྱོར་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་གནང་བ་དང་འབྲེལ་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར་ངོ་སྤྲོད་ཀྱང་གནང་བ་རེད།
     ཞི་ཅིན་ཕིང་གིས་ད་ཆ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་བརྟན་པ་དང་དཔལ་འབྱོར་འཁོར་སྐྱོད་གཞི་རྩའི་ཆ་ནས་སླར་གསོ་བྱུང་བ་མ་ཟད། དུས་ཚིགས་གསུམ་པ་དང་བཞི་པར་དུས་བསྟུན་མདུན་སྐྱོད་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་སླར་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་སྟེ་ལོ་སྟོད་ཀྱི་གྱོང་གུན་ཧུར་ཐག་གསབ་དགོས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྔར་བས་སྤྱི་འདོམས་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས། ནང་མཁོ་རྒྱ་ཆེར་གཏོང་རྒྱུའི་འཐབ་ཇུས་ཀྱི་གཞི་གནས་སྟངས་འཛིན་ནན་པོ་བྱེད་པ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྲུང་སྐྱོང་དང་སྐུལ་སློང་ཤུགས་ཆེན་བྱེད་པ། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་བསྒྲུབ་པ། “འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་དོན་འཁྱོལ་དང་ཕན་འབྲས་ཐོབ་རྒྱུར་འགན་ལེན་བྱེད་པ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་བརྟན་པོའི་རང་བཞིན་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། ནུས་ཤུགས་ཡོད་རྒུས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོ་འགན་ལེན་དང་འབྲུབ་འགོག་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་པ། སྤྱི་ཚོགས་བརྟན་ལྷིང་གི་སྤྱི་ཡོངས་སྲུང་སྐྱོང་བཅས་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་དམངས་གཙོའི་ཏང་ཤོག་ཁག་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་རེ་བ་ཁག་གསུམ་བཏོན་གནང་བ་སྟེ། གཅིག ཕྱོགས་ཡོངས་དང་། རྩོད་སྒྲུབ། འཕེལ་རྒྱས་བཅས་ཀྱི་སྒོ་ནས་དཔལ་འབྱོར་འཕེལ་རྒྱས་ཁྲོད་འཕྲད་པའི་དཀའ་ངལ་དང་འགྲན་སློང་ལ་ལྟ་སྟངས་འཛིན་པ་དང་། རྒྱ་ཆེའི་ཁོངས་མིའི་སྣེ་ཁྲིད་དེ་གདེང་ཚོད་དང་ཆོད་སེམས་བརྟན་དུ་བཏང་ནས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པ་དང་། གཉིས། དམིགས་ཚད་དང་ལས་འགན་ལ་དམིགས་པ་དང་། ཀྲུང་གུང་ཀྲུང་དབྱང་གིས་དོ་ཁུར་བྱེད་པའི་གཙོ་གནད་ཀྱི་གནད་དོན་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་འགག་རྩའི་གནད་དོན་ལ་དམིགས་ཏེ་རང་ངོས་ཀྱི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་བྱེད་པ་དང་། རིམ་ཁག་རྩ་འཛུགས་དང་ཕྱོགས་ཁག་གི་ཤེས་ལྡན་མི་སྣའི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་འདོན་སྤེལ། རིགས་ཁག་གི་ཤེས་ལྡན་མི་སྣའི་ཐོན་ཁུངས་དང་ཆེད་ལས་རིག་མཛོད་སྣ་ཚོགས་སྤྱི་འདོམས་དང་ཡག་པོ་སྤྱོད་པ། རིན་ཐང་ལྡན་པའི་བསམ་འཆར་དང་གྲོས་འགོ་འདོན་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐབས་ནུས་འདོན་དགོས་པ། གསུམ། བསམ་བློར་ཁྲིད་སྟོན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རྒྱ་ཆེའི་ཁོངས་མི་ཚོས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཐོན་པའི་འགལ་ཟླ་དང་གནད་དོན་ལ་ངོས་འཛིན་དང་ལྟ་སྟངས་ཡང་དག་འཛིན་རྒྱུར་ཁྲིད་སྟོན་བྱེད་པ་དང་རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ངོས་འཛིན་དང་ལྟ་སྟངས་ཡང་དག་འཛིན་ནས་དོགས་གཞི་སེལ་བ་དང་། བློ་ཁ་མཐུན་སྦྱོར། འགལ་ཟླ་སེལ་བ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་བཅས་རེད།

  
style="display:none;"