འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་1ཉིན།

༄༅༎ལྷ་སའི་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་ལེགས་སུ་སོང་ནས་མཁའ་རླུང་ལེགས་ཚད་99.7%ཟིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་01ཉིན། 09:47】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ● 2019ལོར་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་ཚད་99.7%ཟིན་ནས་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཀྱི་མདུན་གྲལ་དུ་སླེབས་ཡོད།
     ● གཙང་པོ་དང་མཚེའུ་གཙོ་བོ་དང་རྒྱལ་ཁབ་ཀྱི་ཚོད་འཛིན་བཅད་ངོས་7དང་གྲོང་ཁྱེར་4ཡི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་ཁུངས་ཀྱི་ཆུའི་སྤུས་ཚད་ཚད་གཞི་ལོན་ཚད་100%ཟིན་ཡོད།
     ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། 2019ལོར། བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་ཚད་99.7%ཟིན་ནས་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཀྱི་མདུན་གྲལ་དུ་སླེབས་ཡོད། གཙང་པོ་དང་མཚེའུ་གཙོ་བོ་དང་རྒྱལ་ཁབ་ཀྱི་ཚོད་འཛིན་བཅད་ངོས་7དང་གྲོང་ཁྱེར་4ཡི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་ཁུངས་ཀྱི་ཆུའི་སྤུས་ཚད་ཚད་གཞི་ལོན་ཚད་100%ཟིན་པ་དང་། རྫོང(ཆུས)8ཀྱི་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་ཐོག་མར་དབྱེ་འབྱེད་བྱེད་པའི་ལས་དོན་ལེགས་གྲུབ་ཟིན་ཡོད། གྲོང་དབུས་ཀྱི་ཆུ་རྒྱུད་དང་ཆུ་སྤུས་བཟང་པོ་མུ་མཐུད་རྒྱུན་འཁྱོངས་ཐུབ་པ་དང་འབྲེལ་ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་རེད།
     ཚེས་29ཉིན། གསར་འགོད་པས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། 2019ལོར། ལྷ་ས་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས“རི་སྟེང་དུ་ཤིང་འཛུགས་པ་དང་། གཙང་པོ་དང་མཚེའུ་བཅོས་པ། དུད་ཚང་དུ་དྲོད་རླངས་འཁྲིད་པ”བཅས་ཀྱི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་པ་དང་གྲོང་ཁྱེར་ཡོངས་སུ་སྔོ་ལྗང་ཁྱབ་ཚད་36.27%ཟིན་པ་དང་ནགས་ཚལ་ཁྱབ་ཚད་19.77%ཟིན་ཡོད། ལྷ་ཀླུ་འདམ་ར་སྲུང་སྐྱོང་ལ་སྐུལ་འདེད་བཏང་ནས་འདམ་རའི་ལྟེ་བའི་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་0.44འཕར་བ་དང་ཆུ་ངོས་རྒྱ་ཁྱོན་གསུམ་ཆ་གཅིག་རྒྱ་ཆེར་ཕྱིན་ཡོད། གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་(སྡེ་ཁུལ)263དང་། ཤང་གྲོང་64རྫོང་7བཅས་ལ་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོ(སྡེ་ཁུལ)དང་། སྣོད་བཅུད་ཤང་གྲོང་། སྣོད་བཅུད་རྫོང་བཅས་བསྐྲུན་པའི་ནང་འདམ་གཞུང་རྫོང་དེ་ཉིད་རྒྱལ་ཁབ་རིམ་པའི་སྣོད་བཅུད་ཤེས་དཔལ་དཔེ་སྟོན་རྫོང་དུ་འཛུགས་གཏོད་བྱས་པ་རེད།
     ལྷ་ས་གྲོང་ཁྱེར་གྱིས་སྦགས་བཙོག་ཆེ་བའི་འབུད་རྫས་སྲེག་ཁུལ་དོ་དམ་ཚོད་འཛིན་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་ནུས་རྒྱུའི་གྲུབ་ཆ་ལེགས་སྒྲིག་བྱས་པར་བརྟེན། རང་བྱུང་སོལ་རླངས་དུས་མཚུངས་ལས་འཛད་སྤྱོད་བྱེད་ཚད་20.4%མང་དུ་ཕྱིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་སྤྱི་སྤྱོད་རླངས་འཁོར་གྱི་ནུས་རྒྱུ་གསར་པས་80%བཟུང་བ། བདལ་གཏོང་རླངས་འཁོར་གྱིས་དྭངས་གཙང་ནུས་རྒྱུ་སྤྱོད་ཚད་100%ཟིན་པ། རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་ཕྱོགས་བསྡུས་བཅོས་སྒྲིག་བཅས་བྱས་པ་དང་ཆབས་ཅིག ད་དུང་སྒོར་ཁྲི་2659.5གད་སྙིགས་རིགས་དབྱེའི་ཐད་སྤྱད་པ་དང་འཚོ་བའི་གད་སྙིགས་གཙང་སེལ་བྱེད་ཚད་100%ཟིན་ཡོད་པ་རེད།