འཚོལ་བཤེར།   
藏文频道
2020ལོའི་ཟླ་8ཚེས་1ཉིན།

༄༅༎དཀའ་སྤྱད་ལས་སྒྲུབ་བྱས། ཕ་ཡུལ་མཛེས་པར་བརྒྱན།

—— མཚོ་སྔོན་དང་ཧོ་ནན་བར་གྱི་ཐད་རྒྱུག་ལས་གྲྭའི་ལེ་ལག་ཚང་བའི་གློག་ཁུངས་འཛུགས་སྐྲུན་ལས་ཡུལ་གྱི་མཐོང་ཐོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 08ཚེས་01ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ● རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་མཁོ་འདོན་བྱས་པའི་ཆ་འཕྲིན་ལས། མཚོ་སྔོན་དང་ཧོ་ནན་བར་གྱི་ཐད་རྒྱུག་ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར་233བཏང་བ་དང་། ལེ་ལག་ཚང་བའི་གློག་དྲར་མ་དངུལ་སྒོར་དུང་ཕྱུར་121བཏང་བ། ལེ་ལག་ཚང་བའི་གློག་ཁུངས་འཁྲིད་རྒྱུར་མ་དངུལ་སྒོར་དུང་ཕྱུར་1000བཏང་བ་བཅས་ཀྱིས། མི་ཁྲི་2ཙམ་ཁྱོན་ཡོངས་ནས་ལས་ཞུགས་ཐུབ་རྒྱུ་རེད།
     ●ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་དང་ཧོ་ནན་བར་གྱི་ཐད་རྒྱུག་ལས་གྲྭ་སྤྱོད་འགོ་ཚུགས་པའི་རྗེས། མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མ་ཐད་ཀར་རྒྱལ་ནང་དུ་བཏང་ནས། ལོར་ཧོ་ནན་ཞིང་ཆེན་དུ་དུ་ནག་འབུད་ཚད་ཏུན་ཁྲི་1.4དང་། དབྱང་གཉིས་མུ་ཟིར་འགྱུར་རྫས་འབུད་ཚད་ཏུན་ཁྲི་9ཏན་དབྱང་དུ་འགྱུར་རྫས་འབུད་ཚད་ཏུན་ཁྲི་9.4དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་2960བཅས་ཉུང་དུ་གཏོང་རྒྱུ་ཡིན་པ་རེད།
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཉིན་གུང་རྗེས། ཚ་གདུགས་ཆེ་བའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ཆོས་རྗེ་ཤང་དོལ་ལ་ཐང་དུ་ལུག་ཁྱུ་དང་ཁྱུ་རྩྭ་བཟའ་བཞིན་ཡོད། “ཚང་མས་རིག་པ་བསྒྲིམས་ནས་རླུང་ཤུགས་གློག་གཏོང་འཁོར་ལོའི་གཤོག་པ་སྒོར་ཅིག”ཅེས་ཀྲོའུ་ཧའེ་ལིན་གྱིས་སྐད་གསང་མཐོན་པོས་བཤད་མ་ཐག་ཡངས་པའི་རྩྭ་ཐང་དུ་འཕྲལ་མར་བྲེལ་འཚུབ་ཀྱི་རྣམ་པས་ཁེངས།
     ཀྲོའུ་ཧའེ་ལིན་ནི་ཏ་ཐང་མཚོ་སྔོན་ནུས་ཁུངས་གསར་སྤེལ་ཚད་ཡོད་ཀུང་སིའི་ནུས་རྒྱུ་གསར་པའི་ཡན་ལག་ཀུང་སིའི་ཆོས་རྗེ་ཤང་གི་རླུང་ཤུགས་གློག་གཏོང་རྣམ་གྲངས་ཀྱི་འགན་འཁུར་བ་ཞིག་རེད། ཟླ་བཞི་པའི་ཟླ་འགོར། ཧུའུ་ནན་དུ་འཁོར་ཞག་ཕྱིན་ནས་མཚོ་སྔོན་ལ་ལོག་སྟེ་ལོགས་འཇོག་གི་དུས་ཚོད་ཐིམས་རྗེས། ཁོང་གིས་ཉིན་ལྟར་ལས་ཡུལ་དུ་ལས་གནས་བརྟན་སྲུང་བྱས་ནས་ཟླ་གཉིས་ཧྲིལ་པོ་བསྡད།
     “ཨར་སྐྲུན་བདེ་འཇགས་ཡོང་བའི་རྨང་གཞིའི་ཁར་ང་ཚོས་དུས་ཚོད་དམ་འཛིན་དང་མྱུར་ཚད་མགྱོགས་སུ་བཏང་ནས་གཞི་རྩའི་ཨར་སྐྲུན་ལས་ཀ་ཁག་གང་མགྱོགས་སྔོན་ལ་ཚར་གང་ཐུབ་བྱས་ཏེ། རྣམ་གྲངས་དུས་བཀག་བཞིན་བེད་སྤྱོད་ཐུབ་རྒྱུ་འགན་ལེན་བྱ་རྩིས་ཡོད”ཅེས་ཀྲོའུ་ཧའེ་ལིན་གྱིས་བཤད།
     ཏ་ཐང་མཚོ་སྔོན་ནུས་རྒྱུ་གསར་སྤེལ་ཚད་ཡོད་ཀུང་སིས་བསྐྲུན་པའི་ཆན་ཝ་ཁྲི་10ཟིན་པའི་རླུང་ཤུགས་གློག་གཏོང་རྣམ་གྲངས་དེ་ནི་མཚོ་སྔོན་ནས་ཧོ་ནན་བར་གྱི་ཆན་ཝ་±800ཡི་གློག་ཆེན་ལས་གྲྭའི(གཤམ་ལ་མཚོ་སྔོན་དང་ཧོ་ནན་བར་གྱི་ཐད་རྒྱུག་ལས་གྲྭ་ཞེས་བསྡུ་རྒྱུ)ལེ་ལག་ཚང་བའི་གློག་ཁུངས་རྣམ་གྲངས་ཤིག་རེད། ཏོག་གསར་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་དབང་གིས་ཐོག་མར་སྒྲིག་ཆས་མི་འདང་བ་དང་། ལས་མི་བསྡུ་དཀའ་བ་སོགས་ཀྱི་གནད་དོན་འཕྲད་ནས་ལས་དུས་ཛ་དྲག་གི་གནས་སུ་ལྷུངས།
     “དོལ་ལ་ཐང་གི་རླུང་ཤུགས་གློག་གཏོང་འཕྲུལ་འཁོར་38དུས་བཀག་བཞིན་བེད་སྤྱོད་ཐུབ་ཆེད། ང་ཚོས་ཀུང་སི་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་དང་སྒྲིག་ཆས་བཟོ་མཁན་བཟོ་གྲྭ་དང་མཁོ་འདོན་ཚོང་པ་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ། རླུང་ཤུགས་གློག་གཏོང་སྒྲིག་ཆས་མཁོ་སྤྲོད་ཁ་ཐང་བའི་ཛ་དྲག་གནས་ཚུལ་འོག སྒྲིག་ཆས་མཁོ་སྤྲོད་བྱ་རྒྱུ་དང་ལས་གྲྭའི་ལས་ཡུལ་གྱི་འཕེལ་ཚུལ་དང་མཉམ་དུ་འགྲོ་ཐུབ་པ་བྱུང་ཡོད”ཅེས་ཏ་ཐང་མཚོ་སྔོན་ནུས་ཁུངས་གསར་སྤེལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཀྲའོ་ཏ་པིན་གྱིས་བཤད་པ་དང་། ཁོང་གིས་རྗེས་མཐུད་ཀྱི་ཨར་སྐྲུན་ནང་། གློག་རླངས་སྒྲིག་ཆས་སྒྲིག་སྦྱོར་དང་ཚོད་ལྟ་སྙོམས་སྒྲིག་མཉམ་དུ་བྱས་ཏེ་ལས་ཕྱོད་སྔར་བས་ཆེ་རུ་བཏང་ནས། མཚོ་སྔོན་ས་མཐོར་ལས་ཀ་བྱེད་སྟངས་དང་རྣམ་གྲངས་འཛུགས་སྐྲུན་དོ་དམ་གྱི་ལག་ལེན་གཉིས་ཀར་ཚད་བརྒལ་གསར་པ་ཡོང་བར་བྱེད་རྒྱུ་ཡིན་ཞེས་བཤད།
     སྤྱི་ལེ་30ལྷག་གི་སར་རྩྭ་དུ། ས་སྲོད་ཀྱི་ཆུ་ཚོད་བརྒྱད་པ་ཙམ་ལའང་འདེགས་འཁོར་གྱི་འུར་སྒྲས་ཁེངས་པ་དང་ཨར་སྐྲུན་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་པའི་བྲེལ་བརྩོན་གྱི་རྣམ་པས་ཁེངས།
     “དབྱར་ཁ་ནི་ས་མཐོར་ཨར་སྐྲུན་བྱེད་པའི་དུས་ཚོད་ཡག་ཤོས་ཡིན། ང་ཚོས་དུས་ཚོད་འཕྲོ་བརླག་ཏུ་སོང་བ་ཁ་གསབ་བྱེད་རྒྱུ་ཡིན”ཞེས་རྒྱལ་ཁབ་ཀྱིས་མ་དངུལ་བཏང་བའི་ཆན་ཝ་ཁྲི་130ཡི་རླུང་ཤུགས་གློག་གཏོང་རྣམ་གྲངས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་འགན་འཁུར་བ་ཀྲའོ་ཞའོ་པིང་གིས་གསར་འགོད་པར་དེ་ལྟར་བཤད། ཁོང་གིས་ད་ཆ་ལས་ཡུལ་དུ་ཞོགས་པ་ཆུ་ཚོད་དྲུག་པ་ནས་ལས་འགོ་ཚུགས་པ་དང་དགོང་མོ་ཆུ་ཚོད་དགུ་པར་ལས་མཚམས་འཇོག་པ་དང་ལས་མི་རྣམས་ཉིན་གུང་གི་ཟ་མ་ཡང་ལས་ཡུལ་དུ་བཟའ་ཡི་ཡོད་ཅེས་བཤད།
     རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་སིའི་རླུང་ཤུགས་གློག་གཏོང་ལས་གྲྭ་འཛུགས་སྐྲུན་པུའི་ཅིང་ལི་ཀྲང་ཧྥུང་ཧྭ་ཡིས། ཟླ་བདུན་པའི་ཟླ་མཇུག་ཏུ་ཆན་ཝ་ཁྲི་130ཟིན་པའི་རླུང་ཤུགས་གློག་གཏོང་རྣམ་གྲངས་ཀྱི་རྨང་གཞིའི་ཨར་འདམ་ལུགས་རྒྱག་ཁྱོན་ཡོངས་ནས་ཚར་ཡོད་ཅེས་ངོ་སྤྲོད་བྱས།
     ལེ་ལག་ཚང་བའི་གློག་ཁུངས་སྒྲིག་ཆས་སྒྲིག་སྦྱོར་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་དང་ཆབས་ཅིག མཚོ་སྔོན་དང་ཧོ་ནན་བར་གྱི་ཐད་རྒྱུག་ལས་གྲྭ་འཛུགས་སྐྲུན་ཡང་བྱེད་མགྱོགས་སུ་བཏང་བ་སྟེ། ཟླ་5ཚེས་14ཉིན། མཚོ་སྔོན་ཁོངས་ཀྱི་གློག་སྐུད་འཁྲིད་རྒྱུའི་ལས་གྲྭ་བདེ་བླག་བྱུང་བ་དང་། ཟླ་5ཚེས་31ཉིན་གློག་སྐུད་འཁྲིད་རྒྱུའི་ལས་གྲྭ་ཡོངས་སུ་ལེགས་གྲུབ་བྱུང་བ། ཟླ་7ཚེས་15ཉིན་མཚོ་སྔོན་ནས་ཧོ་ནན་བར་གྱི་ཐད་རྒྱུག་ལས་གྲྭས་གློག་གཏོང་འགོ་ཚུགས་པ་བཅས་རེད།
     མཚོ་སྔོན་ཞིང་ཆེན་ནི་རང་རྒྱལ་གྱི་ནུས་རྒྱུ་གསར་པའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པའི་ས་ཁུལ་གྲས་ཤིག་ཡིན། རིགས་པའི་གཞུང་ལུགས་ཐད་ནས་བརྗོད་ན། རླུང་ཤུགས་གློག་གཏོང་གསར་སྤེལ་ཐུབ་ནུས་ཆན་ཝ་ཁྲི་7500ལྷག་དང་། ཉི་གློག་གསར་སྤེལ་ཐུབ་ནུས་ཆན་ཝ་དུང་ཕྱུར་30ཟིན་པར་བརྟེན་གསར་སྤེལ་བྱེད་པའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་ནུས་རྒྱུའི་གྲུབ་ཆ་གཞན་སྒྱུར་བྱེད་རྒྱུར་དམིགས་ནས་ནུས་རྒྱུ་གཙང་མའི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུར་ཕྱོགས་ཡོངས་ནས་སྐུལ་མ་བཏང་བས། ནུས་རྒྱུ་གསར་པ་ནི་ཞིང་ཆེན་དེའི་གློག་ཁུངས་ཆེན་པོ་ཨང་དང་པོར་གྱུར་ཡོད།