འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་31ཉིན།

༄༅།།ཀན་ལྷོ་རུ་ནོར་ལུག་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་གི་ཁྲིམས་འཛུགས་རྒྱུ་ཡིན། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་31ཉིན། 15:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀན་ལྷོ་རུ་ནོར་ལུག་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་གི་ཁྲིམས་འཛུགས་རྒྱུ་ཡིན།
    མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་7ཚེས་29ཉིན། ཀན་ལྷོའི་ནོར་ལུག་གི་རིགས་རྒྱུད་སྲུང་སྐྱོང་དང་གསོ་སྐྱོང་། ལུགས་མཐུན་ངང་བེད་སྤྱོད་ལ་ཤུགས་སྣོན་བཅས་ཀྱི་ཆེད་དུ། ཀན་སུའུ་ཀན་ལྷོ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཁུལ་དེའི་ནོར་ལུག་སྲུང་སྐྱོང་དང་དར་སྤེལ་ཐད་ལ་སྲོལ་ཡིག་མ་ཟིན་བཀོད་ནས། “ཁྲིམས་འཛུགས”ཀྱི་རྣམ་པར་བརྟེན་ནས་མཚོ་བོད་མཐོ་སྒང་གི་གདོད་མའི་ཕྱུགས་རིགས་སྲུང་སྐྱོང་བྱ་རྒྱུ་རེད། 
    ཚེས་28ཉིན་ནས་ཚེས་31ཉིན་བར་ཀན་སུའུ་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་ལན་ཀྲོའུ་དུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཀན་ལྷོ་ཁུལ་མི་དམངས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་《ཀན་ལྷོ་ཁུལ་ནོར་ལུག་སྲུང་སྐྱོང་དང་དར་སྤེལ་སྲོལ་ཡིག》གི་གསལ་བཤད་ལ་ཉན་པ་དང་། སྲོལ་ཡིག་དེར་གྲོས་ཞིབ་བྱས་པ་རེད། 
   ཀན་ལྷོ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གསལ་བཤད་བྱས་པར་གཞིགས་ན། ཀན་ལྷོའི་ནོར་ལུག་ནི་དུས་ཡུན་རིང་པོའི་ནང་རང་བྱུང་བསལ་འདེམས་དང་ལེགས་རྒྱས་ཞན་དོར་ལས་གྲུབ་པའི་ཕྱུགས་རྒྱུད་བཟང་པོ་ཡིན་ཞིང་། གཉན་འགོག་གི་ནུས་སྟོབས་དང་མཐོ་སྒང་ལ་འཕྲོད་པའི་རང་བཞིན་ཆེན་པོ་ལྡན་པ་དང་། ཐུན་མོང་མ་ཡིན་པའི་གཤིས་རྒྱུད་དང་རྒྱུད་འདེད་ཀྱི་ངོ་བོ་དང་གཟུགས་དབྱིབས་བཟང་པོ་ལྡན་པའི་ས་གནས་ཕྱུགས་རིགས་ཀྱི་རིགས་རྒྱུད་ཐོན་ཁུངས་ཤིག་ཡིན་ལ། དེ་ནི་རང་རྒྱལ་གྱི་ཆེས་རྩ་ཆེ་བའི་ཕྱུགས་རྒྱུད་ཐོན་ཁུངས་ཤིག་ཡིན་པ་མ་ཟད། ཀན་ལྷོ་བོད་རིགས་ས་ཁུལ་གྱི་མཐོ་སྒང་གི་གནམ་གཤིས་ཆ་རྐྱེན་འོག་གསོ་བ་དང་རྒྱུད་སྤེལ་ལ་འཚམ་པའི་ནོར་ལུག་གི་རིགས་རྒྱུད་ཀྱང་རེད། 
   2009ལོར། དེ་སྔའི་ཞིང་ལས་པུའུ་ཡིས་“ཀན་ལྷོའི་ནོར་གནག”ནི་《ཀྲུང་གོའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་ཀྱི་དཀར་ཆག》ཏུ་བཀོད་པ་རེད། ཀན་ལྷོའི་ལུག་ནི་ཀྲུང་གོའི་ཆེས་གནའ་བོའི་ལུག་གི་རིགས་ཤིག་ཡིན་པ་དང་། 2000ལོ་ནས་བཟུང་། དེ་སྔའི་ཞིང་ལས་པུའུ་ཡིས་《རྒྱལ་ཁབ་རིམ་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་གི་མིང་ཐོ། 》《རྒྱལ་ཁབ་རིམ་པའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་གི་མིང་ཐོ》ནང་བཀོད་པ་རེད། 
   《སྲོལ་ཡིག》དེའི་ནང་དུ་རིགས་རྒྱུད་སྲུང་སྐྱོང་དང་ཐོན་ལས་དར་སྤེལ་གཉིས་ཀར་ལྟ་རྟོག་བྱེད་པ་དང་། ཀན་ལྷོའི་ནོར་ལུག་གི་རིམ་པ་ངོས་འཛིན། རིགས་རྒྱུད་ཀྱི་སྤུས་ཚད་བདེ་འཇགས་བདེན་དཔང་ར་སྤྲོད་ཁུངས་འདེད་ཆོག་པའི་མ་ལག་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་བ་བཅས་ཁ་གསལ་བཟོས་ཡོད། དུས་མཚུངས་སུ་སྤུས་རྟགས་ལ་བརྟེན་ནས་ཐོན་ལས་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། དངུལ་རྩའི་སྒྲིག་གཞི་ཡིས་ནོར་ལུག་ཐོན་ལས་བྱ་གཞག་ལ་ཡིད་རྟོན་དངུལ་བུན་གཏོང་བར་བསྔགས་སྐུལ། ནོར་ལུག་ཐོན་ལས་དར་སྤེལ་ལ་སྤྱི་ཚོགས་མ་རྩ་གཏོང་འཇོག་ལ་བསྔགས་སྐུལ་བྱས་ཡོད་ཅིང་། ནོར་ལུག་ཉེན་འགོག་འགན་བཅོལ་སྲིད་ཇུས་དོན་འཁྱོལ་བྱས་ནས། ཐོན་ལས་དར་སྤེལ་གྱི་ཉེན་ཁ་ཇེ་ཆུང་དུ་གཏོང་རྒྱུ་རེད།