འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་31ཉིན།

༄༅༎ཐེ་རོན་ཕུས་ཙུང་ཐུང་འདེམས་བསྐོ་ཕྱིར་སྣུར་བྱ་སྲིད་ཟེར།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་31ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
      མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ཝ་ཧྲིང་ཐོན་ནས་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཟླ་11ཚེས་3ཉིན་འཚོག་རྒྱུ་གཏན་འཁེལ་བྱས་པའི་2020ལོའི་ཙུང་ཐུང་འདེམས་བསྐོའི་དུས་ཚོད་ཕྱིར་སྣུར་བྱེད་ཤས་ཆེ་ཟེར། ཁོས་འདེམས་ཤོག་སྦྲག་ཐོག་ནས་བསྐུར་པའི་ཐབས་ལ་བརྟེན་ནས་འདེམས་ཤོག་འཕེན་རྒྱུར་དྲང་གཞག་མིན་པའི་གནས་ཚུལ་འབྱུང་སྲིད་ཅེས་དོགས་འདྲི་བྱས་པ་རེད།
     ཐེ་རོན་ཕུས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས་བསྟན་དོན། གལ་ཏེ་2020ལོའི་ཙུང་ཐུང་འདེམས་བསྐོ་ཚང་མ་འདེམས་ཤོག་སྦྲག་ཐོག་ནས་བསྐུར་པའི་ཐབས་ལ་བརྟེན་ནས་འདེམས་ཤོག་འཕེན་དགོས་ཚེ། དེ་ནི་ཨ་རིའི་ལོ་རྒྱུས་ཐོག་གི“ཆེས་ཡང་དག་མིན་པ་དང་། ཆེས་མགོ་སྐོར་གཏོང་བའི་རང་བཞིན་ཆེ་ཤོས་ལྡན་པའི”ཙུང་ཐུང་འདེམས་བསྐོ་ཞིག་ཡིན་སྲིད་པས། ཨ་རི་ཧ་ཅང་འུ་ཐུག་པའི་གནས་སུ་སྐྱེལ་རྒྱུ་རེད། “འདེམས་བསྐོ་དེ་མི་རྣམས་ཀྱིས་འོས་འཚམ་གྱི་བྱེད་སྟངས་ལ་བརྟེན་ནས་བདེ་འཇགས་ངང་འདེམས་ཤོག་འཕེན་ཆོག་བའི་དུས་བར་དུ་ཕྱིར་སྣུར་བྱས་ཆོག་གམ།”
     དམངས་གཙོ་ཏང་གི་ཕྱོགས་ནས་འཕྲལ་དུ་ཐེ་རོན་ཕུའི་གཏམ་བརྗོད་ལ་ཁ་རྡུང་བཏང་བ་རེད། 
     ཨ་རིའི་རྩ་ཁྲིམས་ནང་ཙུང་ཐུང་འདེམས་བསྐོ་བྱེད་པའི་དུས་ཚོད་དང་། ས་གནས། བྱེད་སྟངས་བཅས་ཀྱི་དབང་ཆ་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་འོག་གཉིས་ལ་དབང་བ་གཏན་འབེབས་བྱས་ཡོད་པ་མ་ཟད། རྒྱལ་ཚོགས་ལ་བཟོ་བཅོས་བྱེད་དབང་ཡོད་ཅིང་། ཙུང་ཐུང་ལ་དབང་ཆ་འདི་དག་མེད། རྒྱལ་ཚོགས་ཀྱིས་1845ལོར་གྲོས་འཆམ་བྱུང་བའི་ཁྲིམས་དོན་གྲོས་གཞི་ཞིག་ལ་གཞིགས་ན། ཙུང་ཐུང་འདེམ་བསྐོའི་འདེམ་ཤོག་འཕེན་པའི་ཉིན་མོ་འདེམ་བསྐོའི་ལོའི་ཟླ་བཅུ་གཅིག་པའི་གཟའ་མིག་དམར་དང་པོར་གཏན་འཁེལ་བྱས་ཡོད། ཁྲིམས་འཛུགས་གསར་བ་ཡོད་ན་མ་གཏོགས། དུས་ཚོད་འདི་བསྒྱུར་མི་ཆོག 
     ཏོག་གསར་རིམས་ནད་ཨ་རིར་གློ་བུར་དུ་ཐོན་པ་དེས་ད་ལོའི་ཙུང་ཐུང་འདེམས་བསྐོའི་འཕེལ་རིམ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། ཟླ་3པ་ནས་བཟུང་། མངའ་སྡེ་མང་པོས་གྲ་སྒྲིག་འདེམས་བསྐོ་བྱ་རྒྱུ་ཕྱིར་སྣུར་བྱས་པ་དང་། མི་ཚོགས་འདུ་འཛོམས་ལས་ནད་དུག་མཆེད་རྒྱུར་སྔོན་འགོག་བྱེད་ཆེད་འདེམས་དམངས་ལ་འདེམས་ཤོག་སྦྲག་ཐོག་ནས་བསྐུར་པའི་བྱ་ཐབས་ལ་བརྟེན་ཏེ་འདེམས་ཤོག་འཕེན་རྒྱུའི་བསྔགས་སྐུལ་བྱས་པ་རེད། འོན་ཀྱང་། ཐེ་རོན་ཕུས་འདེམས་ཤོག་སྦྲག་ཐོག་ནས་བསྐུར་བ་ལ་ངོ་རྒོལ་ཐེངས་མང་བྱས་པ་དང་། བྱ་སྤྱོད་དེས་འདེམས་བསྐོའི་མགོ་སྐོར་གཡོ་འཕྲུལ་གྱི་གནས་ཚུལ་འབོར་ཆེན་བཟོ་ངེས་ཡིན་པ་མ་ཟད། སྤྱི་མཐུན་ཏང་ལ་གནོད་པའི་འདེམས་བསྐོའི་མཇུག་འབྲས་ཐོན་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།