འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་31ཉིན།

༄༅༎རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཉོ་ཚོང་བཀག་འགོག་བྱ་རྒྱུའི་གྲོས་འགོ་བཏོན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་31ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་ཀྲུང་གོ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མཐུན་ཚོགས་དང་ཀྲུང་གོ་རི་སྐྱེས་རྩི་ཤིང་སྲུང་སྐྱོང་མཐུན་ཚོགས་སོགས་ལས་རིགས་དགུ་ཡིས་པེ་ཅིང་དུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པར་བཀག་འགོག་བྱེད་པའི་ལས་རིགས་ཀྱི་རང་གཅུན་གྲོས་འགོའི་བྱེད་སྒོ་སྤེལ་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གང་བྱུང་དུ་འཛིན་བཟུང་དང་། གང་བྱུང་དུ་འཐུ་བ། གང་བྱུང་དུ་ཟ་བ། ཁྲིམས་འགལ་ངང་ཉོ་ཚོང་བཅས་ཀྱི་བྱ་སྤྱོད་ལ་མཉམ་དུ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
     ཚེས་30ཉིན་གྱི་བྱེད་སྒོའི་ཐོག ཀྲུང་གོའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཆེན་གཅིག་ལྕོགས་ཡིན་པའི་ལི་ཆིང་ཝུན་གྱིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པའི་གནད་དོན་ནི་གོ་ལ་ཧྲིལ་པོར་འཕྲད་པའི་འགྲན་སློང་གལ་ཆེན་ཞིག་ཡིན་ལ། དེ་ལྐོག་རྔོན་དང་། བརྒྱུད་འདྲེན། ལྐོག་འདྲེན། ཁྲིམས་འགལ་ངང་ཕྱིར་ཚོང་སོགས་ལྷུ་ཚིགས་མང་པོའི་སྣོད་བཅུད་བདེ་འཇགས་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད། རང་རྒྱལ་སྲིད་གཞུང་གིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པའི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བའི་སྒྲིག་འཛུགས་བྱས་པ་དང་། འབྲེལ་ཡོད་ལས་རིགས་ཀྱིས་ཀྱང་ཁྲིམས་འཛིན་ལས་ཁུངས་ཀྱིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པའི་ཉེས་གསོག་གྱོད་གཞི་རྩད་ཆོད་པར་རམ་འདེགས་བྱས་པས། ཕན་འབྲས་བཟང་པོ་ཐོན་ཡོད་ཅེས་བརྗོད།
     འོན་ཀྱང་དུས་མཚུངས་སུ་ཁོང་གིས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པ་ནི་དུས་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་བྱ་བ་ཞིག་ཡིན་པས། ཁྲིམས་འཛིན་སྡེ་ཚན་གྱིས་རྡུང་རྡེག་ནན་མོ་བྱེད་པ་ལས་གཞན། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པའི་ཕྲེང་ཐག་ནང་གི་ལྷུ་ཚིགས་གལ་ཆེན་གྱི་འབྲེལ་ཡོད་ལས་རིགས་ཀྱིས་རྒྱུན་འཁྱོངས་ལྷོད་མེད་ངང་མཐོང་ཆེན་དང་ཐེ་ཞུགས་བྱེད་དགོས་ཞེས་བརྗོད། 
     “གྲོས་འགོ་འདོན་པའི་བྱེད་སྒོ་སྤེལ་བ་ནི། འབྲེལ་ཡོད་ལས་རིགས་ཁག་གིས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པར་བཀག་འགོག་བྱེད་པའི་རང་གཅུན་མནའ་འབྲེལ་བཙུགས་ནས། ལས་རིགས་ཀྱི་རང་གཅུན་སྤྱི་ཆིངས་བཟོ་རྒྱུ་དང་། ཁེ་ལས་སྔར་ལས་མང་བ་དེའི་ནང་ཞུགས་པར་ཁྲིད་སྟོན་བྱས་ཏེ། ལས་རིགས་ཡོངས་ཀྱིས་མཉམ་དུ་བྱ་སྤྱོད་སྤེལ་ནས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་བྱེད་པའི་མཐོ་རླབས་འཕྱུར་བར་བྱས་ཏེ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ངང་ཉོ་ཚོང་བྱ་རྒྱུ་ཉུང་དུ་གཏོང་བ་དང་བཀག་འགོག་ནུས་ལྡན་བྱེད་པ་དང་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་ལེགས་སྐྱེས་འབུལ་བའི་རེ་བ་བྱས་པ་ཡིན”ཞེས་ལི་ཆིང་ཝུན་གྱིས་བཤད། 
     ཤེས་རྟོགས་བྱུང་བར་གཞིགས་ན། སྡེ་ཚན་དགུ་ཡིས་མནའ་འབྲེལ་འཛུགས་རྒྱུའི་གྲོས་འགོ་བཏོན་པ་དང་འབྲེལ་ཁས་ལེན་བྱས་དོན།
     གཅིག་ནི་བཅའ་ཁྲིམས་ཀྱི་འདུ་ཤེས་འཆང་ནས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་གི་བཅའ་ཁྲིམས་ཁྲིམས་སྲོལ་དང་རྒྱལ་སྤྱིའི་སྤྱི་ཆིངས་ཀྱི་གཏན་འབེབས་ཁག་གཞིར་བཟུང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པའི་བྱ་སྤྱོད་ལ་བཟོད་སྒོམ་གཏན་ནས་མི་བྱེད་རྒྱུ།
     གཉིས་ནི་ལས་རིགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ནས། ལས་རིགས་ལ་མཐུན་སྒྲིལ་བྱས་ཏེ་ཁྱད་ཆོས་ལྡན་པ་དང་། ཕན་འབྲས་ཐོན་པ། ཤུགས་རྐྱེན་ལྡན་པ་བཅས་ཀྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པར་བཀག་འགོག་བྱེད་པའི་ལས་རིགས་ཀྱི་རང་གཅུན་བྱ་སྤྱོད་ཏན་ཏིག་ངང་སྤེལ་རྒྱུ།
     གསུམ་ནི་ལས་རིགས་ནང་ཁུལ་གྱི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པའི་དོགས་ཟོན་རང་བཞིན་ཆེ་རུ་གཏོང་བ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུ།
     བཞི་ནི་ཁྲིམས་འཛིན་སྡེ་ཚན་གྱིས་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ་ལས་རིགས་ནང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པར་རྡུང་རྡེག་གཏོང་བའི་རང་གཅུན་སྤྱི་ཆིངས་བཟོ་རྒྱུ།
     ལྔ་ནི་སྤྱི་ཚོགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱས་ནས། མང་ཚོགས་ཀྱིས་ལས་རིགས་ནང་ཁུལ་གྱི་གནད་དོན་ཡར་ཞུ་བྱས་པར་དག་ཐེར་ནན་ཏན་བྱས་ཏེ། སྤྱི་ཚོགས་ཀྱི་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཇེ་མཐོར་གཏོང་རྒྱུ།
     དྲུག་ནི་རྣམ་པ་སྣ་ཚོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་ཧུར་ཐག་སྤེལ་ནས། ལྗང་མདོག་འཛད་སྤྱོད་དང་བདེ་ཐང་འཛད་སྤྱོད་དར་སྤེལ་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་བཅས་སོ། །