འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་31ཉིན།

༄༅༎ཨ་རིས་རྒྱལ་ཁབ་མང་པོར་ཧྭ་ཝུའེ་ཕྱིར་འབུད་བྱེད་དགོས་པའི་གནོན་ཤུགས་སྤྲད་པར་ཕྱི་འབྲེལ་པུས་རིགས་རྒྱུད་མཐོང་ཆུང་
འགོག་པ་ལྟར་རྒྱལ་ཁབ་ལ་མཐོང་ཆུང་བྱེད་པ་བཀག་འགོག་བྱེད་དགོས་ཞེས་བརྗོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་31ཉིན། 12:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་30ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས། ཨ་རི་ཕྱོགས་ཀྱི་སྲིད་ཚོང་པ་ཁ་ཤས་ཀྱིས་རྒྱལ་ཁབ་གཞན་གྱི་5Gདྲ་རྒྱ་འཛུགས་སྐྲུན་མཉམ་ལས་ལ་བྱུང་རྒྱལ་དུ་སྐྱོན་འཛུགས་བྱས་ཤིང་། ཡོངས་བསྒྲགས་ངང་རྒྱལ་ཁབ་གཞན་དག་ལ་བཙན་ཤེད་ཀྱིས་ཨ་རིའི་བཀའ་ལྟར་སྒྲུབ་ཏུ་བཅུག་ཡོད། དེ་ནི་དམར་རྗེན་གྱི་བཙན་དབང་བྱེད་སྤྱོད་ཅིག་ཡིན་པས། རྒྱལ་ཁབ་ཁག་གིས་རིགས་རྒྱུད་མཐོང་ཆུང་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་ཇི་བཞིན། གོ་ལ་ཧྲིལ་པོའི་ཚན་རྩལ་ཐོན་ལས་མཉམ་ལས་ཁྲོད་རྒྱལ་ཁབ་ལ་མཐོང་ཆུང་བྱེད་པ་བཀག་འགོག་མཐའ་གཅིག་ཏུ་བྱེད་པའི་རེ་བ་ཡོད་ཅེས་བརྗོད་པ་རེད།
     ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་པར་ཙིར་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་བས་པར་ཙིར་གྱིས་རང་རྒྱལ་ཁབ་ཀྱི་5Gདྲ་རྒྱ་འཛུགས་སྐྲུན་ཁྲོད་ཧྭ་ཝུའེ་སྒྲིག་ཆས་འདེམས་ན། དེའི་ཐད་མཇུག་འབྲས་འཁུར་དགོས་ཞེས་ཐ་ཚིག་བསྒྲགས་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།
     དབང་ཝུན་པིན་གྱིས“ཉེ་དུས། ཨ་རིའི་རྒྱལ་དོན་བློན་ཆེན་ཕེང་ཕེ་ཨའོ་སོགས་ཨ་རིའི་སྲིད་ཚོང་པ་ཁ་ཤས་ཀྱིས་རྒྱལ་ཁབ་གཞན་དག་ལ་གནོན་ཤུགས་ཡང་ཡང་སྤྲད་དེ་རྒྱལ་ཁབ་དེ་དག་ལ་ཧྭ་ཝུའེ་ཕྱིར་འབུད་བྱེད་དགོས་པའི་རེ་བ་བཏོན་ཡོད། ཕེང་ཕེ་ཨའོ་སོགས་ཨ་རིའི་སྲིད་ཚོང་པ་ཁ་ཤས་ཀྱིས་ཀྲུང་གོའི་འབྲེལ་ཡོད་ཁེ་ལས་ལ་སྐྱོན་འཛུགས་བྱས་པར་དོན་དངོས་ཀྱི་གཞི་འཛིན་ས་རྩ་བ་ནས་མེད”ཅེས་བརྗོད་པ་རེད།  
     དབང་ཝུན་པིན་གྱིས། ཨ་རི་ཕྱོགས་ཀྱིས་ཧྭ་ཝུའེ་ཡིས་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་སྐུལ་བཟོས་པའི་སྐྱོན་འཛུགས་བྱས་མོད། འོན་ཀྱང་དོན་དངོས་ལས་ར་སྤྲོད་བྱས་པར། འདས་ཟིན་པའི་ལོ་30ཡི་ནང་ཧྭ་ཝུའེ་ཡིས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་170ལྷག་ཙམ་དུ་དྲ་རྒྱ་1500ལྷག་ཙམ་བསྐྲུན་ཡོད་ཅིང་། གོ་ལ་ཧྲིལ་པོའི་ཁེ་ལས་ཆེན་པོ་500ཡི་ནང་ཚུད་པའི་ཁེ་ལས་228ལ་ཞབས་ཞུ་མཁོ་འདོན་བྱས་ཡོད་པ་དང་། གོ་ལ་ཧྲིལ་པོའི་མི་འབོར་དུང་ཕྱུར་30ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད་པས། “སི་ནུའོ་ཏེང་དོན་རྐྱེན”དང“ཝེ་ཅི་གསང་འགྲོལ”དང་འདྲ་བའི་དྲ་རྒྱའི་བདེ་འཇགས་དོན་རྐྱེན་གཅིག་ཀྱང་ཐོན་མྱོང་མེད། “གདོང་ཤེལ་དོན་རྐྱེན”དང“མཉམ་བྱ་རྣམ་པའི་སྒྲིག་འཛུགས” “སྐས་རིམ་རུ་ཁག”མ་ལག་བཅས་དང་འདྲ་བའི་དྲ་རྒྱའི་ལྐོག་ཉན་ལྟ་ཞིབ་ཀྱི་བྱ་སྤྱོད་གཅིག་ཀྱང་ཐོན་མྱོང་མེད། རྒྱལ་ཁབ་གང་ཞིག་གིས་ཀྱང་ཧྭ་ཝུའེ་ཡི་ཐོན་རྫས་ལ“ལྟག་སྒོ”ཡོད་པའི་དཔང་རྟགས་འདོན་ཐུབ་ཀྱི་མེད་ཅེས་བརྗོད།
     “ཨ་རི་ཕྱོགས་ཀྱིས་ད་དུང་དམངས་གཙོ་དང་རང་དབང་སྲུང་སྐྱོང་བྱ་དགོས་ཞེས་བརྗོད་ཀྱི་ཡོད་མོད། འོན་ཀྱང་ཚང་མས་མཐོང་བ་ནི། ཕེང་ཕེ་ཨའོ་སོགས་ཨ་རི་ཕྱོགས་ཀྱི་སྲིད་ཚོང་པ་ཁ་ཤས་ཀྱིས་རྒྱལ་ཁབ་གཞན་ལ་གནོན་ཤུགས་ཡང་ཡང་སྤྲད་པ་དང་། རྒྱལ་ཁབ་གཞན་གྱི་5Gདྲ་རྒྱ་འཛུགས་སྐྲུན་མཉམ་ལས་ལ་བྱུང་རྒྱལ་དུ་སྐྱོན་འཛུགས་བྱས་པ། ཡོངས་བསྒྲགས་ངང་རྒྱལ་ཁབ་གཞན་ལ་བཙན་ཤེད་ཀྱིས་ཨ་རིའི་བཀའ་ལྟར་སྒྲུབ་བཅུག་པས། དེ་ནི་དམར་རྗེན་གྱི་བཙན་དབང་བྱེད་སྤྱོད་ཅིག་རེད”ཅེས་དབང་ཝུན་པིན་གྱིས་བརྗོད་པ་རེད།
     ཁོང་གིས། ཨ་རི་ཕྱོགས་ཀྱིས་ཁ་གདངས་ཚད་ལ་དྲང་གཞག་དང་འདྲ་མཚུངས་ལག་བསྟར་བྱ་རྒྱུ་ཡིན་ཞེས་བརྗོད་མོད། འོན་ཀྱང་དོན་དངོས་ལས། རྒྱལ་ཁབ་གཞན་གྱི་ཁེ་ལས་ཀྱི་ལག་རྩལ་སྔོན་ཐོན་དུ་འགྱུར་སྐབས། ཨ་རི་ཕྱོགས་ཀྱི་སྲིད་ཚོང་པ་རྣམས་ཀྱིས་ཁ་གཡར་ས་རྫུན་བཟོ་བྱས་ནས་རྒྱལ་ཁབ་ཀྱི་སྟོབས་ཤུགས་སྤྱད་དེ་ཐབས་ངན་གང་ཡོད་བཏོན་ནས་གནོན་ཤུགས་སྤྲོད་གི་ཡོད། ཨ་རི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འུད་བསྟོད་བྱེད་པའི་ཁྲོམ་རའི་དཔལ་འབྱོར་དང་འགྲན་རྩོད་དྲང་གཞག་གི་རྩ་དོན་དང་རྒྱབ་འགལ་བྱས་པ་དང་། རྒྱལ་སྤྱིའི་ཚོང་དོན་སྒྲིག་སྲོལ་ལས་འགལ་བ། ཐ་ན་ཨ་རིའི་འཛད་སྤྱོད་པ་དང་ཁེ་ལས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་གི་ཡོད་ཅེས་བརྗོད།
     “མཐར་གཏུགས་ནས་བཤད་ན། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་ཡོད་ཁེ་ལས་ལ་གནོན་ཤུགས་ཚད་མེད་སྤྲོད་དོན་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་རྐྱེན་མིན་ལ། དམངས་གཙོ་དང་རང་དབང་། འདྲ་མཉམ་འདྲ་མཚུངས་སོགས་ཀྱི་ཆེད་དུ་མིན། དེའི་རྒྱུ་རྐྱེན་ངོ་མ་ནི་དེ་དག་ཀྲུང་གོའི་ཁེ་ལས་ཡིན་པ་མ་ཟད། དེ་ལས་རིགས་ནང་གི་སྔོན་ཐོན་པ་ཡིན་པས་རེད”ཅེས་དབང་ཝུན་པིན་གྱིས་བཤད། “ཕེང་ཕེ་ཨའོ་ཡིས་ད་དུང་ཧྭ་ཝུའེ་ཕྱིར་འབུད་བྱས་པ་ནི‘གཙང་སྦྲའི་རྒྱལ་ཁབ’ཟེར་བའི་གྲས་སུ་ཚུད་པ་དང་མཚུངས་ཞེས་བརྗོད་ཡོད། ཁོས་བཤད་པའི‘གཙང་སྦྲའི་རྒྱལ་ཁབ’ཞེས་པ་དེ་ནི་དོན་དངོས་ཐོག‘ཚད་གཞི་ཉིས་བརྩེགས’ཀྱི་ཚབ་མིང་ཞིག་རེད”ཅེས་བརྗོད།
     “ང་ཚོས་རྒྱལ་ཁབ་ཁག་ཚང་མས་དྲང་སྙོམས་དང་། དྲང་གཞག སྒོ་དབྱེ། མཐོང་ཆུང་མིན་པའི་རང་བཞིན་གྱི་ཚོང་གཉེར་ཁོར་ཡུག་སྲུང་སྐྱོང་བྱེད་པར་གཞོལ་བ་དང་། རིགས་རྒྱུད་མཐོང་ཆུང་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་ཇི་བཞིན། གོ་ལ་ཧྲིལ་པོའི་ཚན་རྩལ་ཐོན་ལས་མཉམ་ལས་ཁྲོད་ཀྱི་རྒྱལ་ཁབ་ལ་མཐོང་ཆུང་བྱེད་པ་བཀག་འགོག་མཐའ་གཅིག་ཏུ་བྱེད་པའི་རེ་བ་ཡོད་ཅེས་དབང་ཝུན་པིན་གྱིས་བཤད།