མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཞིབ་འཇུག་སློབ་མའི་སློབ་གསོའི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་སྐབས་ནན་བཤད་གནང་དོན། 
ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པར་བྱས་ཏེ་སྤྱོད་ཡོན་གཉིས་ལྡན་གྱི་
རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་31ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་དུས་ཞིབ་འཇུག་སློབ་མའི་སློབ་གསོའི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ལེན་པའི་རྨང་གཞིའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་རྒྱུ་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་སྤྱོད་ཡོན་གཉིས་ལྡན་གྱི་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་བྱེད་པའི་དགོས་གལ་ཆེན་པོ་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཞིབ་འཇུག་སློབ་མའི་སློབ་གསོ་དེ་གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དང་། གསར་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་ནུས་པ་གལ་ཆེན་ལྡན་ཡོད། དེས་ན་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཞིབ་འཇུག་སློབ་མའི་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཞིབ་འཇུག་སློབ་མའི་སློབ་གསོ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་རྒྱུར་སྐུལ་འདེད་གཏོང་བ་དང་། “ཆེད་དུ་བཞི”ཡི་མཛད་ཕྱོགས་མཐའ་འཁྱོངས་བྱེད་པ། ཚན་རྩལ་གསར་ཤོས་དང་འགག་རྩའི་ཁྱབ་ཁོངས་ལ་དམིགས་པ། རིག་ཚན་དང་ཆེད་ལས་ལེགས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། མཛུབ་ཁྲིད་དགེ་རྒན་དཔུང་ཁག་གི་ཆུ་ཚད་མཐོ་རུ་གཏོང་བ། ཤེས་ལྡན་མི་སྣ་གསོ་སྐྱོང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ལ་མཁོ་བའི་རིམ་པ་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྟེ། ཞིབ་འཇུག་སློབ་མའི་སློབ་གསོས་རིམ་པ་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་དང་གསར་གཏོད་ཀྱི་འགན་འཁྲི་གལ་ཆེན་ཁུར་ཡོད་པ་དང་དེ་ནི་རྒྱལ་ཁབ་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་གྱི་རྨང་རྡོ་གལ་ཆེན་ཞིག་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་རང་རྒྱལ་གྱི་ཞིབ་འཇུག་སློབ་མའི་སློབ་གསོར་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ནས་ཕུལ་བྱུང་ཤེས་ལྡན་པ་ཁག་དང་ཁག་གསོ་སྐྱོང་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་མངོན་གསལ་དོད་པའི་ལེགས་སྐྱེས་ཕུལ་ཡོད། དེས་ན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་ནན་ཏན་བསྟར་ཏེ། རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གཡུལ་ས་གཙོ་བོ་དང་། མི་དམངས་མང་ཚོགས་ཀྱི་དགོས་མཁོ། འཛམ་གླིང་གི་ཚན་རྩལ་འཕེལ་རྒྱས་སོགས་ཁྱབ་ཁོངས་མང་པོའི་དགོས་མཁོ་དང་འཚམ་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས། ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་སྟངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཡིག་རྒྱུགས་སློབ་བསྡུའི་ལམ་ལུགས་དང་རིག་ཚན་སློབ་ཚན་བཀོད་སྒྲིག་སྔར་བས་ལེགས་སུ་གཏོང་བ། ཚན་སློབ་མཉམ་འདྲེས་དང་ཐོན་སློབ་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཞིབ་འཇུག་སློབ་མའི་ལག་ལེན་ནུས་པ་དང་གསར་གཏོད་ནུས་པ་ཆེ་རུ་ནུས་ལྡན་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ཆེད་དེ་བས་བརྟན་པའི་ཤེས་ལྡན་པའི་འདེགས་སྐྱོར་བྱེད་དགོས་ཞེས་གསུངས་པ་རེད།
     རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མའི་སློབ་གསོའི་ཚོགས་འདུ་ཚེས་29ཉིན་པེ་ཅིང་དུ་འཚོགས་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཞིབ་འཇུག་སློབ་མའི་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སློབ་གསོའི་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། སྤྱོད་བརྟེན་མི་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། ཞིབ་འཇུག་སློབ་མའི་སློབ་གསོའི་སྤུས་ཚད་ལེགས་སུ་གཏོང་རྒྱུ་ལྟེ་བར་བྱས་ནས་སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ནང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞིབ་འཇུག་བྱ་རྒྱུ་དེ་ཞིབ་འཇུག་སློབ་མའི་བྱང་ཚད་ལེགས་མིན་འཇལ་བའི་གཞི་རྩའི་དམིགས་ཚད་ཅིག་ཏུ་བརྩིས་ཏེ། རིག་ཚན་དང་ཆེད་ལས་བཀོད་སྒྲིག་ལེགས་སུ་གཏོང་བ་དང་རིགས་དབྱེ་གསོ་སྐྱོང་དང་སྒོ་དབྱེ་མཉམ་ལས་ལ་སྣང་ཆེན་བྱས་ནས་ཞིབ་འཇུག་དང་གསར་གཏོད་ཀྱི་ནུས་པ་ལྡན་པའི་རིམ་པ་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས། མཛུབ་སྟོན་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། སློབ་གནས་ཀྱི་རིགས་མི་འདྲ་བར་གཞིགས་ནས་སློབ་གསོའི་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་སྤུས་ཚད་དོ་དམ་དང་སློབ་སྲོལ་ནན་དུ་བཏང་ནས་ཞིབ་འཇུག་སློབ་མའི་སློབ་གསོའི་སྤུས་ཚད་ལེགས་པོས་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།
     ཚོགས་འདུ་བརྙན་ལམ་ཐོག་ནས་འཚོགས་ཤིང་། པེ་ཅིང་སློབ་ཆེན་དང་། ཆིང་ཧྭ་སློབ་ཆེན། ཧྭ་ཀྲུང་ཚན་རྩལ་སློབ་ཆེན། ཤིས་ཨན་གློག་རྡུལ་ཚན་རྩལ་སློབ་ཆེན་བཅས་དང་ཅང་སུའུ་ཞིང་ཆེན་གྱི་འགན་འཁུར་བློ་མཐུན་གྱིས་ཚོགས་འདུའི་ཐོག་སྤེལ་རེས་གཏམ་བཤད་བྱས་པ་རེད།

  
style="display:none;"