འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་31ཉིན།

༄༅༎ལོ་ཕྱེད་ནང་མ་དངུལ་འཇོག་ཚད་ན་ནིང་གི་དུས་མཚུངས་ལས་བརྒལ་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་རྒྱུན་མཐུད་འཕར་བཞིན་པ།

འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དཔལ་འབྱོར་རྒྱུན་མཐུད་སླར་གསོ་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་31ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     དུས་ཚིགས་གཉིས་པ་ཚུན་དུ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལས་དོན་ཁག་ལ་ཤུགས་སྣོན་བརྒྱབ་པར་ཕན་འབྲས་ཐོན་ནས་སྟོན་གྲངས་གཙོ་བོ་ཁག་རྒྱུན་མཐུད་སླར་གསོ་བྱུང་ནས་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བཞིན་ཡོད་པ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལོ་སྟོད་དུ་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་བཏང་ཚད་སྒོར་དུང་ཕྱུར་1.45ཟིན་ནས་དུས་མཚུངས་ལས་6%འཕར་བ་དེ་ན་ནིང་གི་དུས་མཚུངས་ཀྱི་གཞི་ཁྱོན་ལས་བརྒལ་ནས། མ་འཇོག་བརྟན་པོ་དང་ལས་ཞུགས་བརྟན་པོ་ཡོང་རྒྱུར་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།
     མ་འཇོག་ནི་རིམས་ནད་ཀྱི་ཤུགས་རྐྱེན་དང་དཔལ་འབྱོར་ཆག་པའི་གནོན་ཤུགས་ལ་ཁ་གཏད་གཅོག་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་ལ། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་འཇོག་པ་ནི་དེ་དག་ཁྲོད་ཀྱི་གཙོ་གནད་ཁྱབ་ཁོངས་ཤིག་ཡིན་པ་རེད། འདི་ལོ་ཚུན་དུ། དུས་ཚིགས་དང་པོར་འགྲིམ་འགྲུལ་ཐད་མ་འཇོག་བྱས་ཚད་22.5%ཆག་ཀྱང་། དུས་ཚིགས་གཉིས་པར་སླར་གསོ་ཅུང་མགྱོགས་པོ་བྱུང་ནས་འཕར་ཚད་21.8%ཟིན་ཏེ། རིམས་ནད་ཀྱིས་བཟོས་པའི་གྱོང་གུན་གཞི་རྩའི་ཆ་ནས་གསབ་ཐུབ་ཡོད་པ་རེད།
     དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཀྱི་སྟོན་གྲངས་ལས་དཔལ་འབྱོར་འཁྲུག་ཆ་དོད་ཚད་མངོན་ཐུབ། དུས་ཚིགས་གཉིས་པ་ཚུན་དུ། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱུང་བ་དང་བསྟུན་ནས། གཞུང་ལམ་དང་ཆུ་ལམ་གྱི་སྐྱེལ་འདྲེན་ཁེ་ལས་ཁག་གིས་ལས་འགོ་བསྐྱར་དུ་བཙུགས་ཚད་98.8%ཟིན་ཏེ། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཟླ་ལྔ་པ་དང་དྲུག་པ་གཉིས་ཀར་བསྟུད་མར་ཅུང་འཕར་བ་དང་འཕར་ཚད་0.4%དང་3.9%སོ་སོར་ཟིན་ཡོད་པ་རེད།
     འགྲུལ་པ་སྐྱེལ་འདྲེན་བྱེད་པའི་ཐད། ལས་གཉེར་རང་བཞིན་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྤྱི་ཡོངས་ནས་ད་དུང་ཅུང་དམའ་པོ་ཡོད་ཀྱང་ད་ཆ་རིམ་བཞིན་འཕར་གྱི་ཡོད་པ་རེད།
     གྲོང་ཁྱེར་དབར་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་པའི་ཐད། ལོ་སྟོད་དུ་ལས་གཉེར་རང་བཞིན་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་39.6ཟིན་པ་དེ་དུས་མཚུངས་ལས་54.8%ཆག་ཀྱང་ཟླ་དྲུག་པར་ན་ནིང་གི་དུས་མཚུངས་ལས་56.3%བར་འཕར་ནས། སླར་གསོ་ཐུབ་ཚད་དུས་ཚིགས་དང་པོའི་དུས་མཇུག་ལས་བརྒྱ་ཆའི་གྲངས་29.3གྱིས་མཐོ་བ་ཡོད་པ་རེད།
     འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཚན་རིག་ཞིབ་འཇུག་ཁང་གིས་ཉིན་ཤས་གོང་སྤེལ་བའི་གྲངས་གཞི་ལས་མངོན་པར་གཞིགས་ན། ཟླ་དྲུག་པའི་ཀྲུང་གོའི་སྐྱེལ་འདྲེན་དང་ཐོན་སྐྱེད་ཀྱི་སྟོན་གྲངས(CTSI)153.9ཟིན་པ་དེ་དུས་མཚུངས་ལས་11.5%ཆག་པ་དང་ཆག་ཚད་ཟླ་ལྔ་པ་ལས་བརྒྱ་ཆའི་གྲངས་5.0དམའ་བ་ཡོད་པ་རེད། “དེ་དག་ཁྲོད། CTSIདངོས་ཟོག་སྐྱེལ་འདྲེན་སྟོན་གྲངས་རྒྱུན་མཐུད་འཕར་ནས་འཕར་ཚད་5.0%ཟིན་པ་དེ་ཟླ་ལྔ་པའི་0.8%ཀྱི་འཕར་ཚད་ལས་མངོན་གསལ་དོད་པོས་མགྱོགས་པ་མ་ཟད། ད་དུང་ན་ནིང་གི་ལོ་ཧྲིལ་པོ་དང་ན་ནིང་གི་དུས་མཚུངས་ཀྱི་འཕར་ཚད་དང་ཧ་ལམ་མཉམ་པ་ལས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་སྤྱིའི་ཆ་ནས་རྒྱུན་གཏན་གྱི་འཕར་ཚད་དུ་སླར་གསོ་ཐུབ་ནས་དེ་སྔའི་འཕེལ་རྒྱས་ཀྱི་འཁོར་ལམ་ཐོག་གཞི་རྩའི་ཆ་ནས་བསླེབས་པ་མཚོན་ཡོད”ཅེས་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཚན་རིག་ཞིབ་འཇུག་ཁང་ཆ་འཕྲིན་ལྟེ་གནས་ཞིབ་འཇུག་བློ་འདྲི་ཁང་གི་ཀྲུའུ་རེན་གཞོན་པ་དང་ཚོད་ལྟ་ཁང་གི་ཀྲུའུ་རེན་གཅིག་ལྕོགས་ཀྲོའུ་ཅན་གྱིས་དབྱེ་ཞིབ་བྱས་པ་རེད།