འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་30ཉིན།

༄༅༎2020ལོའི་སི་ཁྲོན་དཀར་མཛེས་མཐོ་སྒང་རིག་གནས་ཡུལ་སྐོར་དུས་ཆེན་ལི་ཐང་རྫོང་དུ་གཟབ་རྒྱས་ངང་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་30ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
རྟ་རྩལ་འགྲན་པ།
རྟ་རྩལ་འགྲན་པ།
     མི་དམངས་དྲ་བའི་འཕྲིན། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ70འཁོར་བའི་དྲན་གསོའི་ཉིན་མོ་འཆར་ཉེའི་སྐབས་སུ། ཟླ་7ཚེས་29ཉིན“དྭངས་གཙང་དཀར་མཛེས་སུ་འཛོམས་ཤིང་སྒེར་འཁོར་བཏང་ནས་ཡུལ་སྐོར་ལ་རོལ་བ”བརྗོད་དོན་གཙོ་བོར་བྱས་པའི་2020ལོའི་སི་ཁྲོན་དཀར་མཛེས་མཐོ་སྒང་རིག་གནས་ཡུལ་སྐོར་དུས་ཆེན་དེ“ནམ་མཁའི་གྲོང་ཁྱེར”དུ་གྲགས་པའི་ལི་ཐང་རྫོང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས། སི་ཁྲོན་དཀར་མཛེས་མཐོ་སྒང་ཡུལ་སྐོར་རིག་གནས་དུས་ཆེན་ནི་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་མཉམ་དུ་བཏོད་པའི་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་ཆེ་གྲས་ཤིག་ཡིན་པ་དང་། ད་ལྟའི་བར་དུ་སྐབས་བཞི་ལེགས་འགྲུབ་བྱུང་ཡོད། མཐོ་སྒང་རིག་གནས་ཡུལ་སྐོར་དུས་ཆེན་བརྒྱུད་དཀར་མཛེས་ཁུལ་གྱིས་སྤྱི་ཚོགས་ལས་རིགས་ཁག་ལ་དཀར་མཛེས་ཁུལ་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་། མཐོ་སྒང་ལུས་རྩལ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས། དམངས་སྲོལ་གོམས་གཤིས། གསར་བརྗེའི་རིག་གནས་སོགས་མཛེས་སྡུག་ལྡན་པའི་མིང་བྱང་ཕྱོགས་ཡོངས་ནས་བསྟན་ཡོད།
     ད་ཐེངས་ཀྱི་དུས་ཆེན་གྱིས“1+N”གྱི་ཚོགས་འདུའི་བསམ་ཕྱོགས་སྤྱད་པ་རེད། ཚོགས་ར་གཙོ་བོའི་མུ་འབྲེལ་བྱེད་སྒོ་གཅིག་དང་ཡན་ལག་ཚོགས་ར་ལེ་ལག་ཚང་བའི་བྱེད་སྒོ་Nལས་གྲུབ་པ་དང་། ཚོགས་ར་གཙོ་བོའི་བྱེད་སྒོ་ཡང་བྱེད་སྒོ་གཙོ་གྲས12དང་རྗེས་མཐུད་མུ་འབྲེལ་བྱེད་སྒོ་ལས་གྲུབ་པ་རེད། ལི་ཐང་རྫོང་གི་ཚོགས་ར་གཙོ་བོ་ལི་ཐང་རྫོང་འབུམ་ནག་རྩྭ་ཐང་དུ་བཙུགས་ཡོད། ཟླ་7ཚེས་29ཉིན་ནས་བྱེད་སྒོ་གཙོ་གྲས12འགོ་བཙུགས་ནས་ཉིན་3འཚོགས་རྒྱུ་རེད། “རྟ་རྒྱུག་ལ་བལྟ་བ་དང་། གླུ་གར་ལ་རོལ་བ། ཕོ་ཡག་འདེམས་པ། རི་ཐང་དུ་རྩེ་བ”སོགས་ཀྱི་བྱེད་སྒོའི་ནང་དོན་འདུས་ཡོད། “གསུམ་ཅན་བཞི”ཞེས་པར་བསྡུས་ཆོག་སྟེ། “གསུམ”དང་པོ་ནི་འཁྲབ་སྟོན་གསུམ་ལ་ཟེར་བ་སྟེ། འགོ་ཚུགས་མཛད་སྒོ་དང་རིག་རྩལ་འཁྲབ་སྟོན་ཆེ་གྲས་དང་། ཚངས་དབྱངས་རྒྱ་མཚོའི་ཟློས་གར། “ཏང་ལ་སླར་ཡང་གླུ་ཞིག་འབུལ་པའི”གླུ་གཞས་དགོང་ཚོགས་བཅས་སོ༎ “གསུམ”གཉིས་པ་ནི་དབུ་ཚོགས་གསུམ་ལ་ཟེར་བ་སྟེ། ཧི་མ་ལ་ཡའི་ཁེ་ལས་འབྲིང་ཆུང་གི་དབུ་ཚོགས་དང་། མཐོ་སྒང་རིག་གནས་ཡུལ་སྐོར་དབུ་ཚོགས། སྙན་ངག་རིག་གནས་དབུ་ཚོགས་བཅས་སོ༎ “གསུམ”གསུམ་པ་ནི་འགྲེམས་ཚོགས་གསུམ་ལ་ཟེར་བ་སྟེ། ཧི་མ་ལ་ཡའི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་འགྲེམས་སྟོན་དང་། མི་རིགས་ཚོང་དོན་འགྲེམས་སྟོན། རི་ཐང་ལུས་རྩལ་སྒྲིག་ཆས་འགྲེམས་སྟོན་བཅས་སོ༎ “གསུམ”བཞི་པ་ནི་རྟ་རྒྱུག་འགྲན་བསྡུར་དང་། མིའི་འགྲན་བསྡུར། རླངས་འཁོར་འགྲན་བསྡུར”བཅས་འགྲན་བསྡུར་ཆེན་པོ་གསུམ་ལ་ཟེར། རྟ་རྒྱུག་འགྲན་བསྡུར་ནང་འགྲན་རའི་འགྲན་བསྡུར་དང་། ཀྲུང་གོའི་རྟ་རྩལ་གྱི་ཐེག་ཤུགས་འགྲན་བསྡུར།(ལི་ཐང་ས་ཚིགས།) སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་བཅས་ཚུད་ཡོད། མིའི་འགྲན་བསྡུར་ནི་ཁམས་པའི་ཕོ་སར་འདེམས་པའི་འགྲན་བསྡུར་ཆེ་ཤོས་ཏེ་ཧི་མ་ལ་ཡའི་ཕོ་སར་བརྒྱའི་ཤོམ་སྟོན་འགྲན་བསྡུར་ལ་ཟེར། རླངས་འཁོར་འགྲན་བསྡུར་ནི་ཀྲུང་གོའི་རླངས་འཁོར་བྱེས་བགྲོད་འགྲན་བསྡུར་ཡིན། བྱེད་སྒོ་ཧྲིལ་པོའི་ནང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་། རྩོམ་རིག་སྤེལ་རེས། སྒྱུ་རྩལ་འགྲེམས་སྟོན། རྩལ་འགྲན་འགྲན་བསྡུར། ཡུལ་སྐོར་བློ་འདྲི། སྲོལ་རྒྱུན་གྱི་ཞིམ་ཟས། རྒྱལ་གཅེས་བྱ་སྤྱོད། དབུལ་སྐྱོར་ཟོག་འདྲེན། རིམས་ནད་ཐོན་རྗེས་ཀྱི་སླར་གསོ་སོགས་གཞི་རྒྱུ་མང་པོ་འདུས་ཡོད། “རིག་གནས་དར་སྤེལ་གཏོང་བ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོར་ཕན་པ་ཐོབ་པ། ཞི་མཐུན་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་ཚོགས་འདུ་གཉེར་བའི་བསམ་ཕྱོགས་དང“རིག་གནས་དང་ཡུལ་སྐོར་མཉམ་འདྲེས་དང་། ལུས་རྩལ་དང་ཡུལ་སྐོར་མཉམ་སྐྱོད། སྒྱུ་རྩལ་དང་ཡུལ་སྐོར་མཉམ་འགུལ། ཞིང་ལས་དང་ཡུལ་སྐོར་མཉམ་སྐུལ། ཚོང་དོན་དང་ཡུལ་སྐོར་མཉམ་གྲོས”སོགས་ཕྱོགས་ལྔ་གཞི་གཅིག་གི་ཚོགས་འདུ་གཉེར་བའི་ཁྱད་ཆོས་མངོན་ཡོད། བྱེད་སྒོ་གཙོ་གྲས་མཇུག་འགྲིལ་རྗེས་ད་དུང་2020ལོའི་ནམ་མཁའི་གྲོང་ཁྱེར་ལི་ཐང་གི་ལི་ཐང་ཆུ་བོའི་ཆུ་ཁར་གཡེང་བའི་འགྲན་བསྡུར་དང་2020ལོའི་ཀྲུང་གོར་རྐང་ཐང་སྐྱོད་པའི་རྒྱལ་ཡོངས་ཀྱི་གོམ་བགྲོད་ཚོགས་ཆེན(དཀར་མཛེས་ལི་ཐང་ས་ཚིགས)སོགས་ཀྱི་རྗེས་མཐུད་མུ་འབྲེལ་བྱེད་སྒོ་སྤེལ་རྒྱུ་རེད།
     ཐེངས་འདིའི་དུས་ཆེན་གྱི་ཚོགས་ར་གཙོ་བོའི་བྱེད་སྒོ་གཉེར་ས་ལི་ཐང་རྫོང་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་གཏོགས་ཤིང་། ཀྲུང་གོའི་མཛེས་ལྗོངས་མཛེས་ཤོས་ཀྱི་ལམ་ཆེན་G318ཀྱི་ལྟེ་བའི་ས་ཁུལ་དུ་ཆགས་ཡོད། རྫོང་ཡོངས་ཀྱི་མི་འབོར་73000ཟིན་པ་དང་། མངའ་ཁོངས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་1.43ཟིན་ཡོད།(སི་ཁྲོན་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། ) ས་ཁོངས་ནང་གི་དགེ་གཉན་གནས་རི་དང་། འབུམ་ནག་རྩྭ་ཐང་། དུད་སྟོང་བོད་སྡེ། ལི་ཆུའི་བརླན་ས། ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་སོགས་མཛེས་ལྗོངས་ཁུལ་ཕྱོགས་བཞི་མཚམས་བརྒྱད་དུ་སྐད་གྲགས་ཆོད་པ་དང་། ཁམས་པའི་རིག་གནས་དང་། སྙན་ངག་རིག་གནས། རྟ་རྒྱུག་རིག་གནས། ཇ་རྟའི་རིག་གནས། གསར་བརྗེའི་རིག་གནས་སོགས་ལོ་རྒྱུས་ཀྱི་སྤྱི་ཚོགས་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བཀྲག་མདངས་འཚེར་བཞིན་ཡོད་པས། “ནམ་མཁའི་གྲོང་ཁྱེར”དང་། “རྩྭ་ཐང་གི་མུ་ཏིག” “རྟ་རྒྱུག་གི་ཕ་ས”བཅས་ཀྱི་མཚན་སྙན་ཐོབ་ཡོད། ལི་ཐང་གི་རྟ་རྒྱུག་འགྲན་བསྡུར་ལ་རྒྱུག་རྟ་སྟོང་ཕྲག་མཉམ་འགྲན་དང་རྟ་མཆོག་ཀུན་འདུས། ལོ་སྟོང་གི་སྲོལ་རྒྱུན་བཅས་ཀྱི་ཁྱད་ཆོས་ལྡན་ལ། རྫོང་དེའི་རིག་གནས་ཡུལ་སྐོར་གྱི་བཀྲག་མདངས་འཚེར་བའི་མིང་བྱང་ལྟ་བུ་རེད།
     དཀར་མཛེས་ཁུལ་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་བཙུགས་པའི་ས་ཁུལ་རིམ་པའི་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་ཁུལ་དང་པོ་དེ་ཡིན་ལ། འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་འཁྱོངས་ཁུལ་གལ་ཆེན་དང་སྐྱེ་ཁམས་སྲུང་ཡོལ་དང་པོ་ཡིན། ཀྲུང་གོའི་ཤམ་བྷ་ལ་ཆེན་པོའི་རྒྱལ་སྤྱིའི་ཡུལ་སྐོར་ཁུལ་གྱི་ལྟེ་བའི་ས་ཁུལ་ཡིན་ལ། ཀྲུང་གོའི་གཞུང་ལམ་མཛེས་ཤོས་ཏེ་G318དང་G317གྱི་མཛེས་ལྗོངས་ཁུལ་ཡིན་པ་མ་ཟད། ཀྲུང་གོའི་དོམ་ཁྲ་ལམ་ཆེན་གྱི་ནུབ་བྱང་སྣེ་ཁ་དང་ཁྲོན་བོད་ཇ་རྟའི་ཚོང་ལམ་གྱི་ཁྱབ་ཁུལ་གཙོ་བོ་ཡང་ཡིན། ས་ཁོངས་ནང་གི་རང་བྱུང་ཡུལ་ལྗོངས་ནི་བརྗིད་ཉམས་ཆེ་ཞིང་ཡིད་དུ་འོང་བ་དང་། ལོ་རྒྱུས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱིས་མིག་དབང་འཕྲོག་པ། སྐྱེ་ཁམས་ཀྱི་གནམ་གཤིས་ཕུན་སུམ་ཚོགས་པ་བཅས་ཡིན་པས། མིག་སྔར་ཤར་རྒྱུད་གངས་དཀར་རི་བོ་སྐོར་བ་དང་། ལྷོ་རྒྱུད་ཉི་སྟེང་སྐོར་བ། བྱང་རྒྱུད་གེ་སར་རིག་གནས་ཡུལ་སྐོར་རྒྱུད་བཅས“སྐོར་གཉིས་རྒྱུད་གཅིག”གི་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་རགས་ཙམ་ཆགས་ཡོད་ལ། ཀྲུང་གོ་དང་ཐ་ན་གོ་ལ་ཧྲིལ་པོའི་སྤུས་ཚད་མཐོན་པོའི་མཐོ་སྒང་སྣོད་བཅུད་ཡུལ་སྐོར་ཐོན་ཁུངས་དང་སྣ་མང་མི་རིགས་རིག་གནས་རྒྱུན་འཛིན་མང་འདུས་ཀྱི་ས་ཁུལ་གྱི་གྲས་ཤིག་རེད།
【1】  【2】  【3】  【4】
རྟ་རྩལ་འགྲན་པ།
རྟ་རྩལ་འགྲན་པ།