འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་30ཉིན།

༄༅།།ཕྱི་འབྲེལ་པུས། ཨ་རི་ཕྱོགས་ཀྱི་སྲིད་ཚོང་པ་ཉུང་ཤས་ཀྱིས་ཀྲུང་ཨའི་འགྲོ་འོང་དང་མཉམ་ལས་ལ་བཀག་
འགོག་བྱེད་པ་དང་གཏོར་བཤིག་གཏོང་བའི་ནོར་འཁྲུལ་གྱི་གཏམ་སྤྱོད་སྤེལ་མཚམས་འཇོག་དགོས་
པའི་སྐུལ་འདེབས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་30ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་27ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་དོན་བློན་ཆེན་ཧྥེང་ཕེ་ཨའོ་ཡིས་སྤེལ་བའི་ཀྲུང་གོ་དང་འབྲེལ་བའི་གཏམ་བཤད་ལ་ཨ་རིའི་རྒྱལ་ནང་དུ་སྐྱོན་བརྗོད་ཕོག་པར་དམིགས་ཏེ། ཚེས་27ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས། ད་ཆ་ནི་འདུ་ཤེས་འཛིན་སྟངས་ཐད་དབྱེན་དཀྲུག་བྱས་ཏེ་ཁ་གཏད་དུ་ལངས་པའི་ལོ་རབས་མ་རེད། འཛམ་གླིང་སྣེ་མང་ཅན་གྱི་རླབས་རྒྱུན་འགོག་ཐབས་བྲལ་བ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱི་སྲིད་ཚོང་པ་ཉུང་ཤས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ལ་དཀྲོག་གཏམ་བཟོ་བ་དང་དམའ་འབེབས་གཏོང་བ། ཀྲུང་ཨའི་འགྲོ་འོང་དང་མཉམ་ལས་ལ་བཀག་འགོག་བྱེད་པ་དང་གཏོར་བཤིག་གཏོང་བ་བཅས་ཀྱི་ནོར་འཁྲུལ་གྱི་གཏམ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་སྐུལ་འདེབས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་དྲིས་དོན། ཨ་རིའི་ཕྱི་ཕྱོགས་འབྲེལ་བའི་ཨུ་ལྷན་གྱི་ཚོགས་གཙོ་ཧ་སིས་ཉིན་ཤས་གོང་ཐུའེ་ཐེ་བཏང་བ་དང་ཆབས་ཅིག ཁོང་གིས་སྤེལ་བའི་རྩོམ་ཡིག་ཀྱང་བརྒྱུད་བསྐུར་བྱས་ཏེ། དེ་གོང་ཧྥེང་ཕེ་ཨའོ་ཡིས་ཙུང་ཐུང་ཉི་ཁེ་སུང་གི་དཔེ་མཛོད་ཁང་དུ་སྤེལ་བའི་གཏམ་བཤད་ལ་སྐྱོན་བརྗོད་བྱས་ཡོད། ཁོང་གི་རྩོམ་ཡིག་ནང་། ཧྥེང་ཕེ་ཨའོ་ཡིས་ལོ་རྒྱུས་འཁྱོག་བཤད་བྱས་པ་མ་ཟད། ད་དུང་མིག་སྔའི་གལ་ཆེ་ཤོས་ཀྱི་ཕྱོགས་གཉིས་པོའི་འབྲེལ་བའི་ཐད་ལག་བསྟར་མི་ཐུབ་ལ་རྒྱུན་མཐུད་ཀྱང་མི་ཐུབ་པའི་སྲིད་ཇུས་བཏོན་ནས་གནོད་འཚེ་ཕོག་ཟིན་པའི་ཕྱོགས་གཉིས་པོའི་འབྲེལ་བར་ངོ་ཚ་ཁ་སྐྱེངས་བ་ཞིག་བཟོས་ཡོད་ཅེས་འཁོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།
    དབང་ཝུན་པིན་གྱིས་ཧྥེང་ཕེ་ཨའོ་ཡིས་ལོ་བཞི་བཅུ་ལྷག་ཙམ་རིང་གི་ཀྲུང་ཨའི་འབྲེལ་བ་ཕྱོགས་ཡོངས་ནས་ཁས་མི་ལེན་པ་དང་། ཀྲུང་གོ་གུང་ཁྲན་ཏང་ལ་འཛེམས་བག་མེད་པར་དམའ་འབེབས་བཏང་བ་དང་རྒོལ་རྡུང་བྱས་ཁར། ཀྲུང་གོར་ཕྱོགས་ཡོངས་ནས་མཐའ་བསྐོར་ནས་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་འུད་སྒྲོག་ཀྱང་བྱས་ཡོད། ཁོ་པའི་གཏམ་འཆལ་དེ་དག་ཧམ་པ་ཆེ་ལ་ཁུངས་ལུང་གཏན་ནས་མེད་པས། ཨ་རིའི་དཔྱོད་ལྡན་མི་སྣ་ཚུད་པའི་ཞི་བདེར་གཅེས་འཛིན་བྱེད་མཁན་དང་བདེན་པ་སྐྱོང་མཁན་ཡོངས་ཀྱི་སྐྱོན་བརྗོད་དང་རྒོལ་གཏམ་ཡང་ཕོག་ཡོད་ཅེས་བརྗོད་པ་རེད།
    དབང་ཝུན་པིན་གྱིས་ཧྥེང་ཕེ་ཨའོ་ཡིས་ཀྲུང་གོ་གུང་ཁྲན་ཏང་ནི“བཙན་དབང་རིང་ལུགས་ཆེད་དུ་བྱུང་བ་ཞིག་རེད”ཅེས་དམའ་འབེབས་བཏང་ཡོད། དེ་ནི་ཁོ་པ་རྨོངས་པ་ཞིག་ཡིན་པ་མ་ཟད་ཕྱོགས་ཞེན་པ་ཞིག་ཡིན་པ་དེ་བས་གསལ་པོ་ཤེས་ཐུབ། ཀྲུང་གོ་གུང་ཁྲན་ཏང་ཉིད་དེ་སྔའི་ཏང་ཡོན་བཅུ་གྲངས་ལས་མེད་པའི་ཏང་ཤོག་ཆུང་ངུ་ཞིག་ནས་ད་ཆའི་ཏང་ཡོན་ཁྲི་9100ལྷག་ཙམ་ཡོད་པ་དང་འཛམ་གླིང་ཐོག་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་ཡུན་རིང་སྲིད་སྐྱོང་བའི་ཏང་ཤོག་ཆེན་པོ་ཞིག་ལ་གྱུར་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་འཇོག་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་དང་མཉམ་དུ་དཀའ་སྡུག་མཉམ་མྱོང་དང་མཉམ་འཆི་མཉམ་གསོན་བྱས་པ་ལས་བྱུང་བ་ཞིག་ཡིན་པ་ཧྥེང་ཕེ་ཨའོ་ཡིས་ཤེས་ཀྱི་མེད། ཉེ་ཆར་ཧ་ཧྥུའུ་སློབ་ཆེན་ཁེན་ཉི་ཏི་སྲིད་གཞུང་སློབ་གླིང་གིས་སྤེལ་བའི་ཞིབ་འཇུག་སྙན་ཞུ་ཞིག་ནང་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོ་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་ཚད་དང་བློ་ཡིད་ཚིམ་ཚད་93%ལས་བརྒལ་ཡོད། ཨ་རིའི་གྲགས་ཅན་གྱི་སྤྱི་འབྲེལ་ཀུང་སི་ཨའེ་ཏེ་མན་གྱིས་ཀྱང་ཁྱབ་བསྒྲགས་བྱས་པའི་ཡིད་ཆེས་ཐོབ་ཚད་ཀྱི་བརྟག་དཔྱད་འབྲས་བུ་ལས་མངོན་གསལ། ཀྲུང་གོའི་དམངས་ཚོགས་ཀྱིས་རང་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་ཡིད་ཆེས་བྱེད་ཚད་95%ཟིན་པ་དེ་བཅར་འདྲི་དང་ལེན་བྱས་པའི་རྒྱལ་ཁབ་ཁྲོད་ཨང་དང་པོར་སླེབས་པ་དང་། འོན་ཀྱང་ཨ་རིར་48%ལས་ཟིན་གྱི་མེད་ལ་མཇུག་ནས་རྩིས་པའི་ཨང་གཉིས་པ་ཡིན་ཞེས་བརྗོད་པ་རེད།
    “ཀྲུང་གོ་གུང་ཁྲན་ཏང་གི་དམིགས་ཡུལ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་བྱ་རྒྱུ་དེ་ཡིན་པ་ལས་ཨ་རིའི་ཚབ་བྱ་རྒྱུ་དེ་མིན། ཨ་རིའི་རྒྱལ་སྤྱིའི་གནས་བབ་ཐད་མཐར་གཏུག་ནས་བརྗོད་ན་ཨ་རི་རང་ཉིད་ལ་ཐུག་ཡོད་པ་ལས་རྒྱལ་ཁབ་གཞན་དང་འབྲེལ་བ་མེད”ཅེས་དབང་ཝུན་པིན་གྱིས་བརྗོད་པ་དང་། ཡང་ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་བྱེད་མཁན་གྱི་སྲིད་ཏང་ཞིག་ཡིན་ལ། མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ཆེད་འབད་འཐབ་བྱེད་མཁན་གྱི་སྲིད་ཏང་ཞིག་ཀྱང་ཡིན། ཀྲུང་གོ་ནི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ཁག་ལྔ་དར་སྤེལ་གཏོང་མཁན་དང་ལག་ལེན་བསྟར་མཁན་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ལྔའི་ཁྲོད་ཀྱི་ཞི་བདེ་སྲུང་སྐྱོང་མི་སྣ་གཏོང་མཁན་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཀྱང་ཡིན་པ་དང་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་དང་དབྱི་རན་གྱི་ཉིང་རྡུལ་སོགས་རྒྱལ་སྤྱིའི་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཞི་བའི་ངང་ཐག་གཅོད་བྱེད་ཆེད་དང་། དེ་བཞིན་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ཁྲོད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། ཉེ་བའི་ལོའི་ནང་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་30%ལྷག་ཙམ་ཟིན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨེ་ཤེ་ཡའི་དངུལ་རྩའི་ཉམས་ཉེན་དང་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ལ་ཁ་གཏད་གཅོག་རྒྱུར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། དོན་དངོས་དེ་དག་སྐྱེ་བོ་ཀུན་གྱིས་མིག་མཐོང་ལག་འཛིན་ཐུབ་པ་ཞིག་ཡིན་པས་ཧྥེང་ཕེ་ཨའོ་གཅིག་པུས་རྩིས་མེད་དུ་གཏོང་ག་ལ་ཐུབ་ཅེས་བརྗོད་པ་རེད།
    “ཧྥེང་ཕེ་ཨའོ་ཡི་གཏམ་བཤད་ནང་ཀྲུང་གོར་ངོ་རྒོལ་བྱེད་པར་དབྱེན་དཀྲུག་བྱེད་གང་ཐུབ་བྱས་ཡོད། འོན་ཀྱང་ཁོ་པས་མིའི་རིགས་སྔ་ས་ནས་དུས་རབས་21ཏུ་བསྐྱོད་ཟིན་ཞིང་། འཁོན་འཛིན་འུད་སྒྲོག་བྱེད་པ་དང་ཁ་གཏད་དུ་ལངས་རྒྱུའི་ཁོག་པ་རྒྱོང་བ་ནི་དུས་རབས་ཀྱི་རླབས་རྒྱུན་འདི་དང་རྩ་བ་ནས་མཐུན་ཐབས་མེད་པ་ཞིག་རེད་ལ། ལོ་རྒྱུས་ཀྱི་འཁོར་ལོ་ཕྱིར་བཤོལ་བྱས་པ་ཞིག་དང་མི་སེམས་ཐོབ་ཐབས་བྲལ་བ་ཞིག་རེད་ཅེས་”དབང་ཝུན་པིན་གྱིས་བརྗོད་པ་དང་། ཁོང་གིས“ཧྥེང་ཕེ་ཨའོ་ཡིས་ཁ་ནས་དམངས་གཙོ་རང་དབང་ཟེར་བར་སྲུང་སྐྱོང་བྱེད་དགོས་ཞེས་ཤོད་ཀྱི་ཡོད། དོན་དངོས་ཐོག་ཁོ་པས་དམངས་གཙོ་རང་དབང་གི་ཚབ་བྱེད་མི་ཐུབ། ཁོ་པ་ནི་ཨ་རིའི་བཙན་དབང་གི་ཆེད་དུ་དང་ཁོ་པའི་རྒྱབ་ཕྱོགས་ཀྱི་ཁེ་ཕན་ཚོགས་པར་ཞབས་འདེགས་ཞུ་ཆེད་རེད། འོན་ཀྱང་ད་ཆ་ནི་འདུ་ཤེས་འཛིན་སྟངས་ཐད་དབྱེན་དཀྲུག་བྱས་ཏེ་ཁ་གཏད་དུ་ལངས་བའི་ལོ་རབས་མ་རེད། འཛམ་གླིང་སྣེ་མང་ཅན་གྱི་རླབས་རྒྱུན་ནི་འགོག་ཐབས་བྲལ་བ་ཞིག་རེད”ཅེེས་བརྗོད་པ་རེད།
     དབང་ཝུན་པིན་གྱིས། ད་ལོ་ཙུང་ཐུང་ཉི་ཁེ་སུང་གིས་ཀྲུང་གོར་འཚམས་འདྲི་བྱས་ནས་དུས་རབས་ཕྱེད་ཙམ་སོང་ཡོད། ཀྲུང་ཨའི་འབྲེལ་བ་དུས་རབས་ཕྱེད་ཙམ་གྱི་འཕེལ་རྒྱས་བརྒྱུད་རིམ་ལས། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་ཕན་ཚུན་བརྩི་འཇོག་བྱས་ཚེ། ཀྲུང་ཨའི་འབྲེལ་བ་གཞི་ནས་བརྟན་ལྷིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་ཐུབ་པ་གསལ་པོ་མངོན་ཡོད། ཀྲུང་གོས་ཨ་རིར་འགྱུར་ལྡོག་གཏོང་འདོད་མེད་ལ། ཨ་རིས་ཀྲུང་གོར་འགྱུར་ལྡོག་ཀྱང་གཏོང་མི་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མཉམ་དུ་མཐུན་སྦྱོར་དང་། མཉམ་ལས། བརྟན་ལྷིང་བཅས་རྩ་བའི་དགོངས་གཞིར་བྱས་པའི་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་གཏོང་འདོད་ཡོད། འོན་ཀྱང་བཙན་པོ་དབང་ཡོད་དང་འདྲ་མཉམ་མེད་པར་ང་ཚོས་དང་ལེན་བྱེད་མི་སྲིད། ཀྲུང་གོ་མི་དམངས་ནི་ཉམ་ཆུང་ཐུབ་ཚོད་བཏང་ཆོག་པ་ཞིག་མིན་ལ། འཛམ་གླིང་གི་མི་དམངས་ཀྱང་ལས་སླ་པོར་མགོ་སྐོར་ཐེབས་མཁན་ཞིག་མིན། “ང་ཚོས་ཨ་རི་ཕྱོགས་ལ་སྲིད་ཚོང་པ་ཉུང་ཤས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་མི་དམངས་ལ་དཀྲོག་གཏམ་བཟོ་བ་དང་དམའ་འབེབས་གཏོང་བ་དང་། ཀྲུང་ཨའི་འགྲོ་འོང་དང་མཉམ་ལས་ལ་བཀག་འགོག་བྱེད་པ་དང་གཏོར་བཤིག་གཏོང་བའི་ནོར་འཁྲུལ་གྱི་གཏམ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་སྐུལ་འདེབས་བྱ་རྒྱུ་ཡིན། ང་ཚོས་འཛམ་གླིང་ཐོག་ཞི་བདེར་གཅེས་འཛིན་བྱེད་མཁན་རྒྱལ་ཁབ་དང་མི་སྣ་ཡོངས་ཡར་ལངས་ནས་ཧྥེང་ཕེ་ཨའོ་བཅས་པའི་འཛམ་གླིང་ཞི་བདེར་གནོད་འཚེ་གཏོང་མཁན་གྱི་སྨྱོ་ཧམ་ཆེན་པོའི་གཏམ་སྤྱོད་ལ་ངོ་རྒོལ་བྱ་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།