མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ཚ་ཉིང་འདུས་འགྱུར་ཚོད་ལྟ་ཕུང་པོའི་འཆར་གཞིའི་གཙོ་གནད་ལས་གྲྭ་སྒྲིག་སྦྱོར་
བྱེད་འགོ་ཚུགས་པའི་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་30ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་28ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྤྱིའི་ཚ་ཉིང་འདུས་འགྱུར་ཚོད་ལྟ་ཕུང་པོའི(ITER)འཆར་གཞིའི་གཙོ་གནད་ལས་གྲྭ་སྒྲིག་སྦྱོར་བྱེད་འགོ་ཚུགས་པའི་མཛད་སྒོ་ཟླ་7ཚེས་28ཉིན་ཧྥ་རན་སེའི་རྩ་འཛུགས་དེའི་སྤྱི་ཁྱབ་པུའུ་རུ་འཚོགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
     ཞི་ཅིན་ཕིང་གིས་ཚན་རིག་ལ་རྒྱལ་མཚམས་ཀྱི་དབྱེ་བ་མེད་པ་དང་གསར་གཏོད་ལ་རྫོགས་མཐའ་མེད། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ཀྱིས་མིའི་རིགས་ལ་འཕྲད་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱལ་སྤྱིའི་ཚ་ཉིང་འདུས་འགྱུར་ཚོད་ལྟ་ཕུང་པོའི་འཆར་གཞིས་མིའི་རིགས་ཀྱིས་ཉིང་རྡུལ་འདུས་འགྱུར་གྱི་ནུས་པ་ཞི་བའི་ངང་སྤྱོད་པའི་རེ་འདོད་བཟང་པོ་མཚོན་ཡོད་པས་འཆར་གཞི་ལག་བསྟར་བྱས་ཚུན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་ཁས་ལེན་ཐོག་མཐའ་བར་གསུམ་དུ་ནན་སྲུང་བྱེད་པ་དང་ཀྲུང་གོའི་ཁེ་ལས་དང་ཚན་ཞིབ་མི་སྣས་འགན་འཁྲི་ཕྲག་ཏུ་ཁུར་ནས་རྒྱལ་སྤྱིའི་ལས་རིགས་གཅིག་པ་དང་མཉམ་དུ་ཕྱར་བ་གྲུ་འདེགས་ཀྱིས་འཆར་གཞིར་བདེ་བླག་ངང་སྐུལ་འདེད་གཏོང་རྒྱུར་ཀྲུང་གོའི་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། ལོ་བཅུ་ལྷག་ཙམ་རིང་འཚོལ་ཞིབ་དང་ལག་ལེན་ཧུར་ཐག་བྱས་པ་ལས་སྒོ་དབྱེ་དང་སྤེལ་རེས་ནི་རྩེར་སོན་གྱི་ཚན་རིག་འཚོལ་ཞིབ་བྱེད་པའི་འགག་རྩའི་ཐབས་ལམ་ཡིན་པ་ར་སྤྲོད་གང་ལེགས་བྱས་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་མིག་སྔར་གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་རིམས་ནད་ལས་བྱུང་བའི་འགྲན་སློང་དྲག་པོ་འཕྲད་བཞིན་ཡོད་པས་མིའི་རིགས་ཀྱིས་དེ་སྔའི་དུས་སྐབས་གང་འདྲ་ཞིག་ལས་ཀྱང་དེ་བས་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པ་དང་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱེད་དགོས་ངེས་རེད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཕྱོགས་ཁག་དང་མཉམ་དུ་ཚན་ཞིབ་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་འགག་རྩའི་ཚན་རིག་དང་ལག་རྩལ་ཐད་ཚད་བརྒལ་ཡོང་བ་བྱས་ནས་གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་དང་གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་རྒྱུན་ཆད་མེད་པར་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
     རྒྱལ་སྤྱིའི་ཚ་ཉིང་འདུས་འགྱུར་ཚོད་ལྟ་ཕུང་པོའི་འཆར་གཞི་ནི་མིག་སྔར་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་དང་ཤུགས་རྐྱེན་གཏིང་ཟབ་ཤོས་ཀྱི་རྒྱལ་སྤྱིའི་ཚན་རིག་ལས་གྲྭ་ཆེན་པོ་ཞིག་ཡིན་ཞིང་། 2006ལོར་རང་རྒྱལ་གྱིས་དངོས་སུ་འཆར་གཞི་དེར་ཆིངས་ཡིག་བཞག་ནས་ཞུགས་ཡོད།

  
style="display:none;"