འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་29ཉིན།

༄༅།།རྩྭ་ཐང་གཞུང་ལམ་གྱི་ཟམ་པ་སྐྲུན་མཚམས་བཞག་ནས་ཙོང་ཉ་འགྲོ་རུ་བཅུག་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་29ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ལོ་ལྟར་གྱི་ཟླ་ལྔ་པ་ནས་ཟླ་བརྒྱད་པའི་བར་ནི་རྩྭ་ཐང་གི་ཡུལ་ལྗོངས་མཛེས་ཤོས་སྐབས་ཡིན་ལ་མཚོ་སྔོན་པོའི་ཙོང་ཉ་ཕྱིར་རྒྱུ་བའི་དུས་ཀྱང་ཡིན། ཙོང་ཉའི་མིང་གཞན་ལ་མཚོ་སྔོན་པོའི་ཉ་ལུའོ་ལི་ཟེར་བ་དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན། ཉ་དེ་ཆུ་གྲང་རང་བཞིན་གྱི་ཉ་རིགས་ཀྱི་ཁོངས་སུ་གཏོགས་པས་ལོ་ལྟར་དབྱར་ཁར་མཚོ་སྔོན་པོའི་སྟོད་རྒྱུད་ཀྱི་ཆུ་བོར་སྐྱེ་འཕེལ་བྱེད་པར་འགྲོ་ཡི་ཡོད།
    སྐྲུན་བཞིན་པའི་ནུབ་མཚོ་ནས་ཁྲ་ཧན་ནུའོ་བར་གྱི་མྱུར་བགྲོད་གཞུང་ལམ་ནི་ཆོན་ཅི་ཆུ་བོ་བརྒལ་ནས་ནུབ་ཕྱོགས་སུ་བསྲིངས་ཤིང་། ཀྲུང་གོ་ལྕགས་ལམ་གྲོང་ཁྱེར་འཕེལ་རྒྱས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིས་མ་འཇོག་འཛུགས་སྐྲུན་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་PPPརྣམ་གྲངས་དང་པོ་དེ་ཡིན་ལ། འགྲིམ་འགྲུལ་སྐྱེལ་འདྲེན་པུའི《ནུབ་རྒྱུད་འཆར་འགོད་རྩ་གནད》ཀྱི“འཕྲེད་བརྒྱད་དང་གཞུང་བརྒྱད”ཀྱི་སྒྲོམ་གཞིའི་ནང་གཞུང་གཉིས་ལམ་ཐིག་ཁྲོད་ཀྱི་གཅིག་ཤོས་ཡིན་པའི་ནུབ་ཁྲ་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་ནི་ནུབ་རྒྱུད་དང་དབུས་ཤར་ས་ཁུལ་འབྲེལ་མཐུད་བྱེད་པའི་རྒྱལ་ཁབ་ཀྱི་གཞུང་ལམ་གལ་ཆེན་ཞིག་རེད།
    མཐའ་འཁོར་གྱི་བྲེལ་ཚུབ་ཆེ་བའི་ཨར་སྐྲུན་གྱི་རྣམ་པ་དང་མི་འདྲ་བར་ཆུ་ནང་དུ་ཟམ་པའི་ཀ་བ་ཁག་གཅིག་ཀྲོང་ངེར་ལངས་ཡོད་པ་དང་། དེའི་ཐོག་ཆུ་སྐྱར་མཆུ་དམར་ཁག་གཅིག་གིས་གྱེན་འདེད་དུ་འགྲོ་བའི་ཙོང་ཉར་ལྟ་བཞིན་ཡོད་པ་རེད།
    “ན་ནིང་གི་ཟླ་ལྔ་པར་ཟམ་པའི་ཀ་བ་དེ་དག་བསྐྲུན་ཟིན། ཨར་སྐྲུན་གྱི་ལས་ཆོད་གཞིར་བཟུང་འདི་ལོའི་ཟླ་7པའི་ཟླ་སྨད་དུ་ཟམ་གདུང་བསྐྲུན་རྒྱུ་རེད། ཡིན་ཡང་ཙོང་ཉ་ཕྱིར་རྒྱུ་བའི་རྐྱེན་གྱིས་ང་ཚོས་ཟམ་པ་སྐྲུན་མཚམས་འཇོག་རྒྱུའི་ཐག་བཅད་པ་ཡིན” ཀྲུང་གོ་ལྕགས་ལམ་ཅུས་གཉིས་པ་ནུབ་ཁྲ་རྣམ་གྲངས་པུའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲའོ་ཁྲོན་གྱིས། ཟམ་གདུང་འོག་གི་ཆུ་ལམ་ནི་ཙོང་ཉ་ཕྱིར་རྒྱུ་བའི་ཆུ་ལམ་གཙོ་བོ་ཡིན་པས་ལས་མཚམས་མ་བཞག་ན་ཙོང་ཉ་ཕྱིར་རྒྱུ་བར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་ལ་སྣོད་བཅུད་ལ་ཡང་གནོད་འཚེ་ཡོང་སྲིད། དེར་བརྟེན་རྣམ་གྲངས་པུས་ལས་མཚམས་བཞག་ནས་ཙོང་ཉར་ཆུ་ལམ་སྤྲད་ཡོད། ཙོང་ཉས་སྐྱེ་འཕེལ་ཟིན་རྗེས་ཟམ་གདུང་བསྐྱར་དུ་འདིང་རྩིས་ཡོད་ཅེས་ངོ་སྤྲོད་བྱས།
    ཀྲུང་གོ་ལྕགས་ལམ་གྲོང་ཁྱེར་མ་འཇོག་མཚོ་སྔོན་ཡན་ལག་ཀུང་སིའི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཤའོ་ཁོའོ་ཡིས“མཚོ་བོད་ས་མཐོར་ཨར་སྐྲུན་བྱེད་སྐབས་ལམ་སྐྲུན་དགོས་ལ་སྣོད་བཅུད་ལ་ཡང་སྲུང་སྐྱོང་བྱེད་དགོས། ས་མཐོའི་སྣོད་བཅུད་མ་གཞི་ནས་ཉམས་ཞན་ཡོད་པས་ཨར་སྐྲུན་བྱེད་སྐབས་དེ་བས་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་བཤད།
    ལམ་བཅག་འཕྲུལ་འཁོར་གྱི་སྒྲ་རྒྱང་རིང་དུ་སོང་བ་དང་། དྭངས་ཤིང་གཙང་བའི་ཆོན་ཅི་ཆུ་བོའི་ཁྲོད་ཉ་ཚོགས་ཁྱུ་དང་ཁྱུ་གྱེན་དུ་རྒྱལ་ནས་ཚེ་སྲོག་གི་ལམ་བུ་གསར་པ་ཞིག་བསྐྱར་དུ་འགོ་ཚུགས།