འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་28ཉིན།

༄༅།།གྲངས་འཛིན་དཔལ་འབྱོར་ས་མཐོར་དར་བཞིན་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་28ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་26ཉིན་གློག་འཕྲིན་འབྱོར་གསལ། སྐབས་ཉེར་གཅིག་པའི་ཀྲུང་གོ·མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཟླ་7ཚེས་23ནས་ཚེས་26ཉིན་བར་ཟི་ལིང་དུ་འཚོགས་ཤིང་། མཚོ་བོད་ས་མཐོའི་ཐོག་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བའི་གྲངས་གཞིའི་ཐོན་ལས་དང་གྲངས་འཛིན་དཔལ་འབྱོར་གཉིས་པོ་སྐབས་དེའི་མཚོ་སྔོན་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་གི་དོ་ཁུར་བྱ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད།
    གནམ་གཤིས་གྲང་ཞིང་བསིལ་ལ་སྐམ་ཤས་ཆེ་བ་དང་། ལྗང་མདོག་ནུས་རྒྱུ་ཕུན་སུམ་ཚོགས་པ། ས་རྒྱ་ཆེ་བ་སོགས་ཀྱི་ཁྱད་ཆོས་ལ་བརྟེན་ནས་ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་དམིགས་བསལ་ཁྱད་ཆོས་ལྡན་པའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་བཏང་སྟེ། ཆ་འཕྲིན་ལག་རྩལ་གསར་པ་བེད་སྤྱོད་དང་ཁྱབ་གདལ་མགྱོགས་པོ་བཏང་ཞིང་། རྒྱལ་ཡོངས་ཀྱི་སྣོད་བཅུད་ཞིང་ཆེན་ཆེན་པོ་དང་ཐོན་ཁུངས་ཀྱི་ཞིང་ཆེན་ཆེན་པོ་འདིར་གྲངས་འཛིན་དཔལ་འབྱོར་རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་མྱུར་དུ་སྟོབས་ཆེར་འགྲོ་བཞིན་ཡོད།
    ས་བབ་སྨི་3000ལྷག་ཙམ་དང་ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་4.1ཟིན་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་དུ་ནུས་རྒྱུ་གཙང་མར་བརྟེན་ནས་གཉེར་སྐྱོང་བྱེད་པའི་ཐོན་ལས་གླིང་གི་དུས་ཐེངས་དང་པོའི་ལས་གྲྭ་ལས་མཇུག་འགྲིལ་ནས་བེད་སྤྱོད་གཏོང་འགོ་ཚུགས་ཡོད། དེ་གཙོ་བོ་ཧྭ་ཝུའེ་—མཚོ་ལྷོ་ཀྲོའུ་གྲངས་གཞི་ཆེ་མོའི་ལྟེ་གནས་སོགས་རྣམ་གྲངས་འཛུགས་སྐྲུན་བྱེད་པར་སྤྱོད་ཀྱི་ཡོད། ཚོད་རྩིས་བྱས་པར་གཞིགས་ན། གྲངས་གཞི་ཆེ་མོའི་ཐོན་ལས་གླིང་གི་དུས་ཐེངས་གསུམ་པོའི་ལས་གྲྭ་ཚང་མ་སྐྲུན་ཟིན་རྗེས་ཁུལ་དེར་ཚད་ལྡན་ཞབས་ཞུའི་འཕྲུལ་ཆས་ཁྲི་133ཙམ་གཤོང་རྒྱུ་རེད།
     ནུས་རྒྱུ་གཙང་མ་མཁོ་སྤྲོད་འདང་ངེས་ཡོད་པ་དང་གྲངས་གཞིའི་སྒྲིག་ཆས་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བ་ལས་མཚོ་སྔོན་གྱིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བར་མདུན་ལམ་ཆེ་རུ་འགྲོ་རྒྱུ་རེད། མཚོ་སྔོན་ཞིང་ཆེན་བཟོ་འཕྲིན་ཐིང་གི་ཐིང་ཀྲང་གཞོན་པ་ཀྲོའུ་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཞིང་ཆེན་ཡོངས་ཀྱི་འོད་ཤུགས་གློག་འདོན་དང་རླུང་འཁོར་ར་བ་འཛུགས་སྐྲུན་ལ་སྤྱོད་ཆོག་པའི་ཐང་རྒོད་ཅན་གྱི་ས་ཆ་སྤྱི་ལེ་ངོས་གྲུ་ཁྲི་10ཟིན་པ་དང་། ཉི་འོད་ནུས་པ་གསར་སྤེལ་བྱེད་རུང་བའི་ཚད་གཞི་ཆན་ཝ་དུང་ཕྱུར་30ལྷག་ཙམ་ཟིན་པ། རླུང་ནུས་གསར་སྤེལ་བྱེད་རུང་བའི་ཚད་གཞི་ཆན་ཝ་ཁྲི་7500ལྷག་ཙམ་ཟིན་གྱི་ཡོད།
    ཉེ་བའི་ལོ་ཤས་རིང་མཚོ་སྔོན་ཞིང་ཆེན་གྱིས་5Gསྒྲིག་བཀོད་འཛུགས་སྐྲུན་ཤུགས་ཆེན་བྱས་ཤིང་། ཟླ་5པའི་ཟླ་མཇུག་བར་ཟི་ལིང་གྲོང་ཁྱེར་གྱི་ལྟེ་བའི་ས་ཁོངས་འགའ་ཞིག་དང་གཙོ་གནད་ས་ཁོངས་ལ་5Gདྲ་བ་ཁྱབ་ཡོད། 5Gའཕྲིན་གཏོང་དྲ་བ་འདི་ཉིད་གསལ་ཆེའི་བརྙན་ལམ་ཐད་གཏོང་དང་རྒྱང་བསྟེན་སྨན་བཅོས་སོགས་ཐད་ཁྱབ་གདལ་བེད་སྤྱོད་བྱེད་བཞིན་ཡོད།
     ནུབ་བྱང་ས་ཁུལ་དུ་གཅིག་མཚུངས་གསར་བརྗེས་ཀྱི་ཞབས་ཞུའི་འཕྲུལ་ཆས་ཐོག་མ་གྲུབ་འབྲས་ཐོན་པའི་ངང་བཀོད་སྒྲིག་བྱས་པ་དང་ཟི་ལིང་རྒྱལ་སྤྱིའི་དྲ་སྦྲེལ་གྲངས་གཞི་ཆེད་སྤྱོད་ལམ་བུར་མཆན་འགོད་བཀའ་ལན་ཐོབ་པ་ལ་སོགས། གྲངས་གཞིའི་ཆ་འཕྲིན་རབ་དང་རིམ་པའི་ཚིགས་ཚེག་གལ་ཆེན་དང་མྱུར་བགྲོད་ལམ་བུ་སྔ་རྗེས་སུ་བསྐྲུན་པ་ལས་མཚོ་སྔོན་གྱིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རྨང་གཞི་བརྟན་པོ་ཞིག་མཁོ་འདོན་ཐུབ་ཡོད།