འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་23ཉིན།

༄༅༎ཐེ་རོན་ཕུ་ཉེ་བའི་ཟླ་གསུམ་གྱི་རིང་ཕོ་བྲང་དཀར་པོའི་རིམས་ནད་གནད་ཞུའི་ཚོགས་འདུར་ཐེངས་དང་པོ་ཞུགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་23ཉིན། 11:58】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཟླ་7ཚེས་21ཉིན་ཨ་རིའི་ཝ་ཧྲིང་ཐོན་ནས་ཕོ་བྲང་དཀར་པོ་པར་བླངས་པ་ཡིན།
འདི་ནི་ཟླ་7ཚེས་21ཉིན་ཨ་རིའི་ཝ་ཧྲིང་ཐོན་ནས་ཕོ་བྲང་དཀར་པོ་པར་བླངས་པ་ཡིན།
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ཝ་ཧྲིང་ཐོན་ནས་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཕོ་བྲང་དཀར་པོའི་ཏོག་གསར་རིམས་ནད་གནས་ཚུལ་གནད་ཞུའི་ཚོགས་འདུའི་ཐོག་ཨ་རིའི་རིམས་ནད་འཕེལ་ཕྱོགས་དང་ཁ་རས་རྒྱག་པ་སོགས་ཀྱི་ཐད་ལྟ་སྟངས་བཏོན་པ་རེད། འདི་ནི་ཟླ་བཞི་པའི་ཟླ་མཇུག་ནས་བཟུང་ཐེ་རོན་ཕུ་ཕོ་བྲང་དཀར་པོའི་རིམས་ནད་གནད་བསྡུས་ཚོགས་འདུར་ཞུགས་ཐེངས་དང་པོ་དེ་རེད།
     ཐེ་རོན་ཕུ་ཡིས“སྟབས་མ་ལེགས་པ་ཞིག་ལ་རིམས་ནད་ཀྱི་གནས་ཚུལ་ཇེ་ལེགས་སུ་མ་བྱུང་གོང་སྔས་བས་ཇེ་སྡུག་ཏུ་འགྲོ་སྲིད”ཅེས་བརྗོད་པ་དང་། ཁོས་ཨ་རིའི་ས་ཁུལ་མི་འདྲ་བའི་རིམས་ནད་ཀྱི་གནས་ཚུལ་མི་འདྲ་ལ། ལྷོ་རྒྱུད་ཀྱི་ཧྥོ་ལུའོ་རུའེ་ཏ་མངའ་སྡེ་ཡི་དུས་བབ་ཛ་དྲག་ཡིན་པ་བརྗོད། 
     ཨ་རིའི་ཇོང་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལ་གཞིགས་ན། ཚེས་21ཉིན་ཨ་རིའི་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་ཁྲི་390ལ་ཉེ་བ་དང་། ཚེ་འདས་ནད་དཔེ་ཁྲི་14ལས་བརྒལ་ཡོད། གྲངས་གཞི་དེ་གཉིས་ནི་འཛམ་གླིང་གི་ཨང་དང་པོ་ཡིན་པ་དང་རིགས་གཅིག་མཁས་པ་ཚོས་ཀྱང་ཨ་རིའི་རིམས་ནད་འཕེལ་ཕྱོགས་ལ་སྔོན་དཔག་བྱེད་དཀའ་བར་གྱུར་ཡོད། 
     ཁ་རས་རྒྱག་པའི་གནད་དོན་ཐད་ཐེ་རོན་ཕུས་ཨ་རི་སྲིད་གཞུང་གིས“མི་ཚང་མས་སྤྱི་ཚོགས་འབྲེལ་བའི་བར་ཐག་རྒྱུན་འཁྱོངས་བྱེད་ཐབས་བྲལ་བའི་སྐབས་སུ་ཁ་རས་རྒྱག་དགོས་པའི”བླང་བྱ་བཏོན་ཡོད་ཅེས་བཤད། ཐེ་རོན་ཕུས་མི་རྣམས་འཐད་ན་མ་འཐད་ན་ཁ་རས་ཀྱིས་རིམས་ནད་ཚོད་འཛིན་བྱ་རྒྱུར་ནུས་པ་ཐོན་གྱི་ཡོད་པ་ཁས་བླངས་པ་རེད། 
     ཆུ་ཚོད་ཕྱེད་ཀ་ཙམ་གྱི་གནས་ཚུལ་གནད་ཞུའི་ཚོགས་འདུའི་ཐོག་ཐེ་རོན་ཕུས་ཁ་རས་བརྒྱབ་མེད་ཅིང་། ཡུལ་དངོས་སུ་ཡོད་པའི་གསར་འགོད་པས་ཁོ་ལ་རང་དཔེ་གཞན་སྟོན་བྱེད་དགོས་མིན་དྲིས་དུས། ཁོས་ཁུག་མའི་ནང་ནས་ཙུང་ཐུང་གི་རྟགས་ཅན་གྱི་ཁ་རས་སྔོན་པོ་ཞིག་བླངས་ཏེ། རང་ཉིད་ཀྱིས་ཁ་རས་ལུས་དང་འབྲལ་མེད་པར་འཁྱེར་ཡོད་པ་དང་རྒྱག་གི་ཡོད་ཚུལ་བཤད། འོན་ཀྱང་ཡུལ་དངོས་སུ་ཁོས་ཁ་རས་བརྒྱབ་མེད། 
    ཨ་རིར་གློ་བུར་དུ་རིམས་ནད་བྱུང་བ་ནས་བཟུང་། ཐེ་རོན་ཕུས་དུས་ཡུན་རིང་པོར་ཁ་རས་རྒྱག་རྒྱུ་དང་ལེན་བྱས་མེད་ཀྱང་ཉེ་ཆར་རྣམ་འགྱུར་ལ་འགྱུར་ལྡོག་བྱུང་ཡོད། ཟླ་འདིའི་ཚེས་11ཉིན་ཁོས་ཐོག་མར་ཡོངས་བསྒྲགས་ངང་ཁ་རས་བརྒྱབ་པ་དང་། ཚེས་20ཉིན་ཁ་རས་རྒྱག་པ་དེ“རྒྱལ་གཅེས”ཀྱི་བྱ་སྤྱོད་ཅིག་རེད་ཅེས་བཤད་པ་རེད།
     ཏོག་གསར་ནད་དུག་ཞིབ་དཔྱད་ཚད་ལེན་གྱི་འབྲེལ་ཡོད་གནད་དོན་དྲིས་སྐབས། ཐེ་རོན་ཕུས་གལ་ཏེ་སྨན་པ་དང་རིགས་གཅིག་མཁས་པས་ཨ་རིར་ཞིབ་དཔྱད་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་ངོས་འཛིན་བྱས་ན། ཁོས་སྲིད་གཞུང་གིས་དེའི་ཐད་ལ་མ་དངུལ་དེ་བས་མང་པོ་མཁོ་འདོན་བྱ་རྒྱུར་མོས་མཐུན་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད། 
     གསར་འགོད་པ་ཞིག་གིས་ཐེ་རོན་ཕུས་ནད་དུག་ཞིབ་དཔྱད་ཚད་ལེན་དང་ལེན་བྱེད་ཐེངས་སྐོར་ལ་དྲི་བ་བཏོན་པ་རེད། ཐེ་རོན་ཕུས་ཁོས་ཉིན་གཉིས་གསུམ་ནང་ནད་དུག་ཞིབ་དཔྱད་ཚད་ལེན་ཐེངས་རེ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཉིན་གཅིག་ལ་ཞིབ་དཔྱད་ཚད་ལེན་ཐེངས་གཉིས་བྱས་པ་དྲན་ཐུབ་ཀྱི་མི་འདུག་ཟེར།
     ཐེ་རོན་ཕུའི་བཤད་སྟངས་དེ་ཕོ་བྲང་དཀར་པོའི་གསར་འགྱུར་དྲུང་ཡིག་མའེ་ཁེ་ན་ཉི་ཡིས་ཆུ་ཚོད་ཁ་ཤས་གོང་གི་གཏམ་བརྗོད་དང་མི་མཐུན། མའེ་ཁེ་ན་ཉི་ཡིས་གསར་འགོད་པའི་ཚོགས་འདུའི་ཐོག ཐེ་རོན་ཕུས་ཉིན་ལྟར་ཞིབ་དཔྱད་ཚད་ལེན་ཐེངས་མང་དང་ལེན་བྱེད་ཀྱི་ཡོད་པས“ཨ་རིའི་ཞིབ་དཔྱད་ཚད་ལེན་དང་ལེན་བྱེད་ཐེངས་མང་ཤོས་ཀྱི་མི”རེད་ཅེས་བཤད། 
     ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་ཕེ་རའོ་སེ་ཡིས་གནས་ཚུལ་གནད་ཞུའི་ཚོགས་འདུ་གྲོལ་རྗེས་ཨ་རིའི་སྨྱན་སྦྱོར་ལ་ཐེ་རོན་ཕུ་ཡིས་ཁོ་རང་གི་སྔོན་མའི་ནོར་འཁྲུལ་ད་གཟོད་ཤེས་པ་རེད། མ་གཞི་ཡིན་ན་ཁོས་ཟླ་ཤས་གོང་ཨ་རིའི་མང་ཚོགས་ལ་ཁ་རས་རྒྱག་པ་དང་སྤྱི་ཚོགས་འབྲེལ་བའི་བར་ཐག་རྒྱུན་འཁྱོངས་བྱེད་པའི་གལ་ཆེའི་རང་བཞིན་ནན་བཤད་བྱེད་དགོས་པ་རེད་ཅེས་བཤད། 
     རིམས་ནད་ལ་ཚོད་འཛིན་ནུས་ལྡན་མ་བྱུང་བའི་སྐབས་སུ་ཡང་བསྐྱར་སྒོ་འབྱེད་པ་ལས། ཉེ་ཆར་ཨ་རིའི་རིམས་ནད་བསྐྱར་ལོག་བྱུང་བ་དང་དེའི་ནང་ཧྥོ་ལུའོ་རུའེ་ཏ་མངའ་སྡེའི་གནས་བབ་ཛ་དྲག་ཏུ་གྱུར་ཡོད། ཧྥོ་ལུའོ་རུའེ་ཏ་མངའ་སྡེ་འཕྲོད་བསྟེན་སྡེ་ཚན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ཚེས་14ཉིན་ནས་ཚེས་19ཉིན་བར་མངའ་སྡེ་དེར་ཉིན་རེར་མང་དུ་ཕྱིན་པའི་ནད་དཔེ་ཁྲི་1ལས་བརྒལ་ཡོད་པ་རེད། ཚེས་21ཉིན་ཨ་རིའི་ནད་ཡམས་ཚོད་འཛིན་དང་སྔོན་འགོག་ལྟེ་གནས་ཀྱིས་སྤེལ་བའི་ཞིབ་འཇུག་རྣམ་གྲངས་ཤིག་གིས་ཨ་རིར་དངོས་སུ་རིམས་ནད་འགོས་མཁན་གྱི་མི་གྲངས་དེ་སྙན་ཞུའི་ནད་དཔེ་གྲངས་འབོར་གྱི་ལྡབ་10ཡན་ཟིན་གྱི་ཡོད་ཅེས་ངོས་འཛིན་བྱས་པ་རེད།