འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་22ཉིན།

༄༅༎རང་རྒྱལ་གྱིས་བོད་ལྗོངས་སུ་སྨི་བརྒྱའི་མཚོ་སྙིང་ཐོག་མར་འབིགས་ལེན་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་22ཉིན། 15:13】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་7ཚེས་21ཉིན་ལས་གྲྭའི་ལག་རྩལ་མི་སྣས་ལྕགས་སྦུག་བརྟན་གཏོང་མ་ལག་ལ་བརྟེན་ནས་མཚོ་སྙིང་འབིགས་ལེན་བྱེད་བཞིན་པ།
ཟླ་7ཚེས་21ཉིན་ལས་གྲྭའི་ལག་རྩལ་མི་སྣས་ལྕགས་སྦུག་བརྟན་གཏོང་མ་ལག་ལ་བརྟེན་ནས་མཚོ་སྙིང་འབིགས་ལེན་བྱེད་བཞིན་པ།
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་ཚན་རིག་ཁང་གི“དར་གོས་འགྲུལ་ལམ་གྱི་ཁོར་ཡུག”གི་སྔོན་ཁྲིད་ཆེད་དོན་རྣམ་གྲངས་དང་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཚོགས་པས་ལེགས་པར་བསྐྲུན་ཚར་བའི་ཆུ་ཐོག་གསོར་འབིག་རྩད་ཞིབ་ལས་སྟེགས་ལ་བརྟེན་ནས། བོད་ལྗོངས་གནམ་མཚོའི་ལྟེ་བའི་མཚེའུ་ཁུལ་གྱི་ཆུའི་གཏིང་ཚད་སྨི་95ཟིན་པའི་སར་རིང་ཚད་སྨི་100.63ཟིན་པའི་མཚོ་སྙིང་འབིགས་ལེན་བྱས་པ་རེད། སྤྱིའི་སྙིང་ལེན་ཚད་98%ཟིན་ཡོད། དེ་ནི་རང་རྒྱལ་གྱིས་བོད་ལྗོངས་ས་མཐོའི་ས་བབ་མཐོ་བའི་མཚོ་ཆེན་ནས་རིང་ཚད་ལ་སྨི་100ལྷག་ཙམ་ཡོད་པའི་མཚོ་སྙིང་ལེན་ཐེངས་དང་པོ་དེ་ཡིན་ལ། ཆུ་ཟབ་མཚེའུའི་མ་དཔེ་ལེན་པའི་ཐད་ནས་ཐོད་བརྒལ་ཐུབ་ཡོད། 
     མཚོ་སྙིང་ནི་མཚེའུ་ཡི་དིམ་བསགས་དངོས་པོ་ལ་ཟེར་ཞིང་། དེ་ནི་རླུང་གཟུགས་དང་ཆུའི་ནང་དུ་རང་ཤུགས་ཀྱིས་མཚོ་མཐིལ་དུ་ནུབ་ཅིང་སྤུངས་པའི་དངོས་རྫས་ཡིན་ལ། དེའི་ནང་གི་དངོས་ལུགས་དང་རྫས་འགྱུར། སྐྱེ་དངོས་ཀྱི་དམིགས་ཚད་ཁ་ཤས་ཀྱིས། སྐབས་དེའི་དིམ་བསགས་ཁོར་ཡུག་དང་གནམ་གཤིས་ཀྱི་ཆ་རྐྱེན་མཚོན་ཐུབ། མཚོ་བོད་ས་མཐོའི་ལྟེ་བའི་རྒྱུད་དུ་གནས་པའི་གནམ་མཚོའི་མཚོ་ངོས་ཀྱི་ས་བབ་མཐོ་ཚད་སྨི་4730ཟིན་ལ། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་འབྲི་ཆུ་དང་། རྒྱལ་མོ་རྔུལ་ཆུ། སེར་གླིང་མཚོ། གནམ་མཚོ་བཅས་ཚུད་པའི“གཙང་པོ་གཉིས་དང་མཚེའུ་གཉིས”ཀྱི་ས་ཁོངས་ཀྱི་ཚན་རིག་རྟོག་ཞིབ་རྟེན་གཞི་གལ་ཆེན་ཞིག་རེད། 
     ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་ཁང་གི་ཞིབ་འཇུག་པ། གནམ་མཚོའི་འཁོར་རིམ་མང་བའི་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་ཀྲན་ཀྲང་ཝང་ཅུན་པོས“མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་བྱེད་འགོ་ཚུགས་པ་ནས་བཟུང་། ང་ཚོས་གནམ་མཚོ་དང་སེར་གླིང་མཚོ་སོགས་ཆུ་ཟབ་མཚེའུ་ཆེན་པོ་རྨང་གཞིར་བྱས་ནས་མཚེའུ་ཡི་བརྟག་དཔྱད་དང་འབྲེལ་ཡོད་ཞིབ་འཇུག་བྱས་པས་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་འབོར་ཆེན་ཐོབ་ཡོད། དེས་མཚོ་བོད་ས་མཐོའི་མཚེའུ་ཡི་ད་ལྟའི་གནས་ཚུལ་དང་དེ་བཞིན་གནམ་གཤིས་འགྱུར་ལྡོག་ལ་ངོས་འཛིན་གཏིང་ཟབ་བྱ་ཆེད། ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད”ཅེས་བརྗོད། 
     ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་མཚོ་སྙིང་འབིགས་ལེན་བྱས་པ་ནི་རང་རྒྱལ་གྱི་ཚན་རིག་པ་དང་བཟོ་སྐྲུན་ལག་རྩལ་མི་སྣས་རང་གིས་ཇུས་འགོད་བྱས་པའི་དཔེ་ལེན་ལས་སྟེགས་དང་། འགྱིག་ཤུབས་བརྟན་གཏོང་མ་ལག གསོར་འབིག་རྩད་ཞིབ་མ་ལག་བཅས་ལ་བརྟེན་ནས་ཐོབ་པ་ཞིག་ཡིན་པས། རང་རྒྱལ་གྱི་མཚེའུ་གསོར་འབིག་རྩད་ཞིབ་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། རིགས་གཅིག་མཁས་ཅན་གྱིས་འབིགས་ལེན་བྱས་པའི་མཚོ་སྙིང་མ་དཔེ་ལས་འདས་ཟིན་པའི་ལོ་ཁྲི་15ཚུན་གྱི་མཚོ་བོད་མཐོ་སྒང་དབུས་རྒྱུད་ཀྱི་གནམ་གཤིས་ཁོར་ཡུག་འགྱུར་ལྡོག་གི་ལོ་རྒྱུས་ལ་དབྱེ་ཞིབ་བྱེད་ཐུབ་ཅེས་སྔོན་དཔག་བྱས་པ་རེད། 
     འདས་ཟིན་པའི་ལོ་བཅོ་ལྔའི་རིང་ལྟ་དཔྱད་ཚད་འཇལ་དང་ཞིབ་འཇུག་བྱས་པའི་རྨང་གཞིའི་ཐོག རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་འཇར་མན་དང་། དབྱིན་ཇི། ཨ་རི་སོགས་རྒྱལ་ཁབ་7གྱི་ཚན་རིག་པ་12དང་མཉམ་དུ་རེ་ཞུ་བྱས་པའི་གནམ་མཚོའི་སྐམ་ས་ཆེན་མོའི་ཚན་རིག་གསོར་འབིག་རྩད་ཞིབ་འཆར་གཞིའི(ICDP)རྣམ་གྲངས་དེ་2020ལོའི་ཟླ་6པར་ཆོག་མཆན་ཐོབ་པ་དང་རྣམ་གྲངས་དེས་གནམ་མཚོའི་གནས་5རུ་རིང་ཚད་ལ་སྨི་2250ཡོད་པའི་དིམ་བསགས་དངོས་པོ་འབིགས་ལེན་བྱས་ནས། འདས་པའི་ལོ་ངོ་ས་ཡ་གཅིག་རིང་གི་གནམ་གཤིས་ཁོར་ཡུག་གི་གནས་ཚུལ་ལ་ཞིབ་འཇུག་བྱེད་པར་སྤྱོད་རྩིས་ཡོད་པ་རེད། ད་རེས་སྨི་100ལྷག་ཟིན་པའི་མཚོ་སྙིང་འབིགས་ལེན་གྲུབ་འབྲས་དེས། རང་རྒྱལ་གྱི་མཚེའུ་གསོར་འབིག་རྩད་ཞིབ་དང་ཞིབ་འཇུག་ཆུ་ཚད་མཐོ་རུ་བཏང་བ་མ་ཟད། ICDPགསོར་འབིག་རྩད་ཞིབ་ཐད་ཚན་རིག་གི་གཞི་འཛིན་ས་དང་ལག་རྩལ་གྱི་འགན་ལེན་གལ་ཆེན་མཁོ་འདོན་བྱེད་ཐུབ།
ཟླ་7ཚེས་21ཉིན་ཚན་ཞིབ་མི་སྣས་མཚོ་སྙིང་གི་མ་དཔེར་ཨང་སྒྲིག་ཐོ་འགོད་བྱེད་བཞིན་པ།
ཟླ་7ཚེས་21ཉིན་ཚན་ཞིབ་མི་སྣས་མཚོ་སྙིང་གི་མ་དཔེར་ཨང་སྒྲིག་ཐོ་འགོད་བྱེད་བཞིན་པ།
འདི་ནི་གནམ་མཚོའི་ལྟེ་གནས་མཚེའུ་ཁུལ་གྱི་ཆུ་ཐོག་གསོར་འབིག་རྩད་ཞིབ་སྟེགས་བུ་ཡིན།
འདི་ནི་གནམ་མཚོའི་ལྟེ་གནས་མཚེའུ་ཁུལ་གྱི་ཆུ་ཐོག་གསོར་འབིག་རྩད་ཞིབ་སྟེགས་བུ་ཡིན།