འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་22ཉིན།

༄༅༎ཡུན་ནན་བདེ་ཆེན་ཀྲོའུ་འབའ་ལུང་རི་ཁུལ་གྱི་སློབ་གསོའི་འགྱུར་ལྡོག

—— ཀྲང་ཤིན་ཝུན་གྲོང་གསེབ་ཏུ་ལོག་ནས་དགེ་རྒན་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་22ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཆར་པ་ཐེངས་ཤིག་བབས་པ་དང་བསྟུན་ནས་དབྱར་དུས་ཀྱི་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡང་བསིལ་འཇམ་དུ་གྱུར། རི་འགོའི་རྡོ་ཆེན་པོ་འགྲིལ་ནས་གཞུང་ལམ་དུ་ལྷུང་སྟེ་གས་པ་དང་རྡོ་ཆུང་ངུ་དང་བྱེ་ཟེགས་ཀྱི་ཕུང་གསོག་མཐོང་རྒྱུ་འདུག
     བདེ་ཆེན་ཀྲོའུ་འབའ་ལུང་རྫོང་པའེ་ཅི་ཞུན་ལྟེ་བའི་ཆ་ཚང་སློབ་ཆུང་གི་དགེ་རྒན་ཀྲང་ཤིན་ཝུན་ནི་འཁོས་ཀ་ཞན་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཁོང་སློབ་གྲྭ་འགྲིམ་དུས་དཀའ་སྡུག་མི་ཉུང་བ་འཕྲད་མྱོང་། “སྟབས་ལེགས་པ་ཞིག་ལ་དེ་ནི་སྔོན་ཆད་ཀྱི་དོན་དག་རེད། ད་ཆ་ཕྲུ་གུ་ཚང་མ་སློབ་གྲྭ་འགྲིམ་ཐུབ་ཀྱི་ཡོད”ཅེས་ཁོང་གིས་བཤད།
     རི་ཁུལ་ནས་ཐོན་ཏེ་སློབ་ཆེན་འགྲིམས་པ།
     རེ་སྒུག་ཡུན་རིང་བྱས་རྗེས་གཞི་ནས་སློབ་ཆེན་དུ་ཚུད་པའི་བརྡ་ཐོ་འབྱོར་མོད། ཀྲང་ཤིན་ཝུན་སླར་ཡང་མཚན་གང་པོར་བསམ་གཞིག་གི་ཀློང་དུ་ཚུད། དེ་ནི་2012ལོའི་ཟླ་7པ་ཡིན་ལ་སློབ་གྲྭར་འགྲོ་བ་ཅུང་ཕྱི་བའི་ཀྲང་ཤིན་ཝུན་ལོ་20ལ་སླེབས་ཡོད་པ་རེད།
     སློབ་ཚུད་བརྡ་ཐོ་ནི་ཁོང་ལ་མཚོན་ན་ར་སྤྲོད་ཁུངས་སྐྱེལ་ལྟ་བུ་ཡིན། “ཁྱིམ་གྱི་འཁོས་ཀ་ཞན་ཡང་སློབ་སྦྱོང་ཡག་པོ་ཡོད”
     འོན་ཀྱང་སློབ་ཆེན་ནི་ཁོང་ལ་མཚོན་ན“འཆང་ན་ལག་པ་འཚིག་པ་དང་གློད་ན་རྫ་མ་ཆག་པ་ལྟ་བུ་ཡིན”
     པ་ཕ་ནི་ནམ་ཞག་རྒྱུན་དུ་ནད་མང་བས་ཨ་མ་གཅིག་པུས་ཕྱི་རོལ་དུ་འཚོ་གོས་འཚོལ་གྱིན་ཡོད། ཀྲང་ཤིན་ཝུན་རང་ཉིད་མཐོ་རིམ་སློབ་འབྲིང་ཐོན་པའི་བར་རང་ཁྱིམ་ནས་རྒྱུ་དངོས་ཡོད་ཚད་བཏོན་པ་གསལ་པོར་རྟོགས་ཀྱི་ཡོད།
     ད་ཆ་ཕྱིར་གླ་པ་རྒྱུག་པར་འགྲོ་འམ་ཡང་ན་མུ་མཐུད་སློབ་ཆེན་འགྲིམ་རྒྱུའི་གདམ་ག་བྱེད་ཁག་པའི་གནས་སུ་གྱར།
     མུ་མཐུད་སློབ་གྲྭར་བསྐྱོད་ན་འགྲོ་སོང་ཆེ་ཙམ་ཡོད། ནང་མི་ཚང་མས་སློབ་ཡོན་གང་ནས་རག་ཐབས་ལ་བསམ་བློ་བཏང་ཞིང་། ཕག་པ་བཙོང་ན་དངུལ་ཕྲན་བུ་རག་པ་དང་གཉེན་ཉེ་དག་གིས་སྤྲད་པའི“རྟེན་འབྲེལ་ཞུ་བའི་དངུལ”ཡང་སྟོང་ཕྲག་ཙམ་ཡོད་ཀྱང་ཕར་རྩིས་ཚུར་རྩིས་བརྒྱབ་ན་སྔར་བཞིན་འདང་གི་མེད། མཐར་གྲོང་ཚོའི་ཚོགས་ཆུང་གི་ཙུའུ་ཀྲང་ཀྲང་ཅན་ཅུན་གྱིས་གཏམ་བཟང་བསྐྱལ་ཡོང་བ་ནི་སློབ་ཆེན་དུ་རྒྱུགས་འཕྲོད་ན་རྫོང་དམངས་སྲིད་ཅུས་ནས་རོགས་སྐྱོར་སྒོར་2000ལེན་རྒྱུ་ཡོད་པ་དེ་རེད།
     སྒོར་2000ནི་ཀྲང་ཤིན་ཝུན་ལ་མཚོན་ན་འཁྱག་དུས་ཀྱི་གོས་དང་ལྟོགས་དུས་ཀྱི་ཟས་ལྟ་བུ་ཡིན། 2012ལོའི་ཟླ་8ཚེས་23ཉིན་ཀྲང་ཤིན་ཝུན་གཞི་ནས་སློབ་ཆེན་དུ་ཞུགས་ཐུབ། སྤྱིར་ན་དེ་ནི་འབའ་ལུང་རི་ཁུལ་ནས་ཐོག་མར་དོན་པ་ཡིན་ནའང་། རེ་ལྟོས་བྱེད་རི་བའི་མ་འོངས་པའི་སྒོ་མོ་ཕྱེ་ཟིན་པ་རྟོགས་ཡོད།
     རོགས་སྐྱོར་བཟང་པོ་དེ་ལས་ལོ་དེར་ད་དུང་འབའ་ལུང་རྫོང་གི་ཁྱིམ་ཚང་དབུལ་པོའི་སློབ་ཕྲུག་མང་པོ་རི་ཁུལ་ནས་དོན་ཏེ་སློབ་གྲྭར་བསྐྱོད་ཐུབ་ཅིང་། རོགས་སྐྱོར་གལ་ཆེན་དེ་ད་ཆ་སྔར་བཞིན་བྱེད་བཞིན་ཡོད་ཁར་སྔར་བས་ཆེ་རུ་གཏོང་གི་ཡོད་དེ། 2019ལོའི་ལོ་མཇུག་བར་འབའ་ལུང་རྫོང་གིས་རིམ་རྩིས་བྱས་ན་མཐོ་རིམ་སློབ་གླིང་གི་སློབ་མ་དབུལ་པོ་མི་ཐེངས་1631ལ་རོགས་སྐྱོར་བྱས་ཏེ་རོགས་སྐྱོར་བྱེད་དགོས་རིགས་ལ་རོགས་སྐྱོར་ཐོབ་པ་རེད།
     ཕ་ཡུལ་དུ་ལོག་ནས་དགེ་རྒན་བྱས་པ།
     ལོ་3གྱི་སློབ་ཆེན་འཚོ་བ་འཁྱུག་ཙམ་ལ་རྫོགས་པ་དང་ཁྱིམ་གྱི་འཁོས་ཀ་ཡང་ཉིན་བཞིན་ཡག་ཏུ་སོང་ནའང་། ཀྲང་ཤིན་ཝུན་གྱི་སེམས་ནང་གི་ཁུར་པོ་སྔར་བས་ལྕི་རུ་སོང་།
     ཉམས་མྱོང་མེད་པའི་དབང་གིས་གཞུང་ལས་པ་དང་བྱ་གཞག་ཚན་པར་ཡིག་ཚད་ཡང་སེ་བཏང་ཡང་ལོན་མེད། འགྲོ་ལམ་དེ་བས་ཡག་པ་མཐོང་དཀའ་བས་ཀྲང་ཤིན་ཝུན་སླར་ཡང་ལས་ཡུལ་དུ་བསྐྱོད་པ་དང་ཉིན་རེར་གླ་ཆ་སྒོར་120ལེན་རྒྱུ་ཡོད་པས་ངལ་དུབ་བརྗེད་པ་དང་སློབ་གྲྭ་འགྲིམ་པའི་ཐོག་མའི་བསམ་འདུན་ཡང་བརྗེད་པར་གྱུར།
     “སློབ་གྲྭར་ཡོང་ནས་ཚབ་ཁྲིད་བྱེད་འདོད་ཡོད་དམ”འབའ་ལུང་རྫོང་སློབ་འབྲིང་དང་པོའི་སློབ་དཔྱོད་ཚན་ཁག་གི་ཀྲུའུ་རེན་གྱི་ཁ་པར་དེས་ཀྲང་ཤིན་ཝུན་ལ་ངར་ཤུགས་སྦྱིན། དེ་ལྟར་ཀྲང་ཤིན་ཝུན་ཚབ་ཁྲིད་དགེ་རྒན་ཞིག་ཏུ་གྱུར་ནས་ཉིན་མོར་སློབ་ཁྲིད་བྱས་ཏེ་སྦྱོང་ཚན་བཟོ་བཅོས་རྒྱག་པ་དང་། དགོང་མོར་དཔེ་དེབ་བལྟས་ནས་ཡིག་རྒྱུགས་ལ་གྲ་སྒྲིག་བྱས་ཤིང་། 2016ལོར་ཀྲང་ཤིན་ཝུན་གྱིས་སླར་ཡང་བྱ་གཞག་ཚན་པར་རྒྱུགས་སྤྲད་པ་རེད།
     མཐར་རྒྱུགས་འཕྲོད་པའི་གཏམ་བཟང་ཐོས་འཕྲལ་ཀྲང་ཤིན་ཝུན་གྱིས་ཕ་མར་ཁ་པར་བཏང་བ་ན། ཁ་པར་གྱི་སྣེ་མ་གཞན་དེར་ཡོད་པའི་ཕ་མས“ཡག་པོ་བྱུང”ཞེས་དགའ་སྤྲོ་ཆེན་པོས་བརྗོད།
     ཀྲང་ཤིན་ཝུན་ལས་གནས་གསར་པར་ཞུགས་ཏེ་ཡོང་འབབ་བརྟན་པོ་རག་པས། ཁོང་གི་ཁྱིམ་ནི་སྲིད་ཇུས་ལྟར་2017ལོར་དབུལ་སྒྲོལ་ཐུབ་པ་རེད།
     མ་འོངས་པའི་སློབ་གསོ་སྔར་བས་ལེགས་སུ་འགྲོ་ངེས་ཡིན་པ།
     ཡུལ་གཞན་དུ་གནས་སྤོས་བྱས་རྗེས། སློབ་ཆུང་དགེ་རྒན་ལོ་4བྱེད་མྱོང་ཡོད་པའི་ཀྲང་ཤིན་ཝུན་གྱིས་རང་ཁྱིམ་གྱི་སྒོ་ར་གསར་པའི་ནང་ནས་རྒྱང་རིང་གི་སློབ་གྲྭ་གསར་པར་མཛུབ་མོ་འཛུག་བཞིན་སྔོན་མའི་ཤིང་ཁང་དག་ད་ཆ་ཨར་འདམ་ལྕགས་རྩིབས་མའི་ཁང་པར་བསྒྱུར་བ་དང་། ལུས་རྩལ་ཐང་ཡང་གསར་པ་གསར་རྐྱང་བཟོས་འདུག་ཅེས་དགའ་ཚོར་ཆེན་པོས་བཤད།
     འོན་ཀྱང་། དགེ་རྒན་བྱེད་རིང་། དཀའ་ངལ་མེད་པ་ཡང་མ་ཡིན་ཏེ་ཁོང་གིས“དཀའ་ཚེགས་ཆེ་ཤོས་ནི་ཕྲུ་གུས་སློབ་སྦྱོང་བྱེད་འདོད་མེད་པ་དེ་རེད་འདུག”ཅེས་བརྗོད་ཅིང་། དེ་སྔོན་འཛིན་གྲྭའི་ནང་གི་ཕྲུ་གུ་ཞིག་སློབ་སྦྱོང་བྱེད་འདོད་མེད་སྟབས་སློབ་གྲྭར་ཡོང་མེད་པས། ཁ་ཏ་བསླབ་བྱ་ཐེངས་མང་བྱས་རྗེས་མཐར་ཡོང་བ་རེད།
     ཀྲང་ཤིན་ཝུན་གྱིས“ལོ་ན་ཇི་ཙམ་ཆུང་ན་དེ་ཙམ་གྱིས་ཕུགས་ལ་བསམ་བློ་གཏོང་ཐུབ་ཀྱི་མེད། ཕྲུ་གུ་ཁ་ཤས་ཀྱི་ཁྱིམ་བདག་གི་རིག་གནས་ཆུ་ཚད་སྐྱོ་བའི་ཁར་ཁྱིམ་ཚང་གི་སློབ་གསོ་ཡང་སྐྱོ་བས། ཁྱིམ་ཚང་དེ་ལྟ་བུ་ལ་ང་ཚོ་དགེ་རྒན་དང་སློབ་གྲྭས་དེ་བས་ཀྱང་ནུས་པ་འདོན་དགོས”ཞེས་བརྗོད།
     ཉིན་གུང་བར་ཁྱམས་ཀྱི་དཔེ་ཀློག་བྱེད་སར་དེབ་ལྟ་བཞིན་པའི་ཕྲུ་གུ་ཁ་ཤས་ཀྱིས་ཁོང་མཐོང་མ་ཐག་དྲི་བ་སྣ་ཚོགས་དྲིས་པས། ཀྲང་ཤིན་ཝུན་གྱིས་ཕྲུ་གུ་ཚོ་དང་མཉམ་དུ་སྒྲུང་ཞིག་བཀླགས་ཤིང་། ཁོང་གིས“དཔེ་དེབ་ལ་དགའ་བའི་ཕྲུ་གུའི་སེམས་པ་རྒྱང་རིང་གི་ཕྱོགས་སུ་འཕུར་ངེས་རེད”ཅེས་ཚོར་སྣང་ཟབ་མོས་བརྗོད།