འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་29ཉིན།

༄༅།།སྲིད་གཞུང་གི་ལས་དོན་སྙན་ཞུ།

——2020ལོའི་ཟླ་5ཚེས་22ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ལི་ཁེ་ཆང་།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་20ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

         བདུན། ཆུ་ཚད་སྔར་བས་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་བྱས་ནས་ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་དངུལ་གྱི་གཞི་རྩའི་རྨང་གཞི་བརྟན་པོ་ཡོང་བར་བྱེད་དགོས།

ཕྱི་ཕྱོགས་ཁོར་ཡུག་གི་འགྱུར་ལྡོག་ལ་ཁ་གཏད་ནས། བློ་བརྟན་འགྱུར་མེད་ཀྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོར་བཏང་སྟེ། སྒོ་འབྱེད་ལ་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཕྱི་ཕྱོགས་ཉོ་ཚོང་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བར་སྐུལ་སྤེལ་བྱེད་དགོས། ཁེ་ལས་ཀྱི་ཚོང་ཟོག་མངག་ཐོ་ཇེ་མང་དང་། ལས་གནས་བརྟན་པོ། ལས་ཞུགས་འགན་སྲུང་བཅས་ཡོང་བར་རྒྱབ་སྐྱོར་བྱེད་པར་དམིགས་ནས། ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཕྱིར་གཏོང་ཡིད་རྟོན་འགན་བཅོལ་གྱི་ཁེབས་རྒྱ་ཆེ་རུ་གཏོང་བ། ཕྱིར་གཏོང་ནང་འདྲེན་གྱི་སྒྲིལ་སྲོལ་དང་མཐུན་པའི་མ་གནས་དམའ་རུ་གཏོང་བ། ཕྱིར་གཏོང་ཐོན་རྫས་རྒྱལ་ནང་དུ་འཚོང་བར་རྒྱབ་སྐྱོར་བྱེད་པ་བཅས་བྱ་རྒྱུ། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་སོགས་ལས་རྣམ་གསར་པ་གང་མགྱོགས་ཀྱིས་འཕེལ་རྒྱས་བཏང་སྟེ། རྒྱལ་སྤྱིའི་ཟོག་འདྲེན་ནུས་པ་ཇེ་ཆེར་གཏོང་དགོས། རེས་སྐོར་གསར་པའི་ཞབས་ཞུའི་ཉོ་ཚོང་གསར་གཏོད་འཕེལ་རྒྱས་གཏོང་བའི་ཚོད་ལྟ་བྱེད་གནས་སྐུལ་སྤེལ་བྱེད་དགོས། སྐབས་གསུམ་པའི་ནང་འདྲེན་དངོས་མང་སྟོན་ཚོགས་གྲ་སྒྲིག་ལེགས་པོར་བྱེད་པ་དང་། ནང་འདྲེན་ཧུར་ཐག་གིས་རྒྱ་བསྐྱེད་ནས། ཆུ་ཚད་སྔར་ལས་མཐོ་ཞིང་འཛམ་གླིང་ལ་ཁ་ཕྱོགས་པའི་ཚོང་ར་ཆེན་པོ་འཕེལ་རྒྱས་གཏོང་དགོས།

ཕྱི་རྒྱལ་གྱི་མ་དངུལ་ཧུར་ཐག་གིས་བེད་སྤྱོད་དགོས། ཕྱི་རྒྱལ་གྱི་མ་དངུལ་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་ཆེས་ཆེར་ཉུང་འཕྲི་བྱེད་པ་དང་། རྒྱལ་མཚམས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་བཀག་རྒྱའི་གསལ་ཐོ་བཟོ་དགོས། དཔལ་འབྱོར་དམིགས་བསལ་ཁུལ་གྱི་སྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་དགོས། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ལ་སྒྱུར་བཅོས་སྒོ་འབྱེད་ཀྱི་རང་བདག་དབང་ཆ་སྔར་ལས་ཆེ་བ་སྤྲོད་པ་དང་། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དུ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་དང་ཕྱོགས་བསྡུས་ཁྲལ་མེད་ཁུལ་གསར་འཛུགས་བྱེད་ཅིང་། ཞབས་ཞུའི་ལས་རིགས་ཀྱི་སྒོ་རྒྱ་ཆེ་རུ་འབྱེད་པའི་ཕྱོགས་བསྡུས་ཚོད་ལྟ་བྱེད་གནས་གསར་སྣོན་བྱ་རྒྱུ།  ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་མགྱོགས་པོར་འཛུགས་པ་དང་། རྒྱལ་ཁབ་ཕྱི་ནང་གི་མ་དངུལ་བཞག་པའི་ཁེ་ལས་ལ་ཉེ་རིང་མེད་པ་དང་འགྲན་རྩོད་དྲང་སྙོམས་བྱེད་པའི་ཚོང་རའི་ཁོར་ཡུག་སྐྲུན་དགོས། 

 “རྒྱུད་གཅིག་ལམ་གཅིག་”སྤུས་ཚད་མཐོ་བའི་སྒོ་ནས་མཉམ་སྐྲུན་བྱེད་དགོས། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་རྒྱུན་འཁྱོངས་དང་། ཚོང་རའི་རྩ་དོན་དང་རྒྱལ་སྤྱིའི་སྤྱི་འགྲོས་སྒྲིག་ལམ་བརྩི་སྲུང་། ཁེ་ལས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་བཅས་བྱས་ནས། གཉིས་ཕན་གཉིས་ཁེའི་མཉམ་ལས་སྤེལ་དགོས་པ་དང་། ཕྱི་ཕྱོགས་དངུལ་འཇོག་སྐྱོན་བྲལ་ངང་གོང་དུ་འཕེལ་བར་ཁྲིད་སྟོན་བྱེད་དགོས།

ཉོ་ཚོང་དང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་བློ་རྩ་བརྟན་པོས་སྲུང་སྐྱོང་བྱས་ཏེ། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྱུར་བཅོས་ནང་ཧུར་ཐག་གིས་ཞུགས་དགོས། ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་འགོད་པར་སྐུལ་འདེད་གཏོང་ཞིང་། ཀྲུང་གོ་དང་། ལྗར་པན། ཁོ་རེ་ཡ་ལྷོ་མ་སོགས་ཀྱི་རང་མོས་ཉོ་ཚོང་གྲོས་མོལ་ལ་སྐུལ་སྤེལ་གཏོང་དགོས། ཀྲུང་གོ་དང་ཨ་རིའི་དུས་རིམ་དང་པོའི་དཔལ་འབྱོར་ཉོ་ཚོང་གི་གྲོས་མཐུན་ཐུན་མོང་གིས་དོན་འཁྱོལ་བྱེད་དགོས། ཀྲུང་གོས་རྒྱལ་ཁབ་ཁག་བར་དཔལ་འབྱོར་ཚོང་དོན་མཉམ་ལས་བྱེད་པར་ཤུགས་བསྣན་ནས་གཉིས་ཕན་མཉམ་རྒྱལ་ཡོང་བར་བརྩོན་བཞིན་ཡོད།

བརྒྱད། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པར་དམིགས་ཏེ་སྤྱི་ཚོགས་བྱ་གཞག་གི་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

         དཀའ་ངལ་གྱི་མདུན་དུ་དམངས་འཚོའི་མ་མཐའི་གཞི་ཐིག་བློ་ཐག་རྦད་ཆོད་ཀྱིས་སྲུང་བ་དང་། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དོན་དག་ཧུར་བརྩོན་གྱིས་ཡག་པོར་སྒྲུབ་དགོས།

སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་ཅིང་། ནད་རིགས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་སྒྲིག་སྲོལ་སྒྱུར་བཅོས་བྱས་ནས། འགོས་ནད་འགོག་བཅོས་བྱེད་པའི་ནུས་པ་འཛུགས་སྐྲུན་བྱེད་པ་དང་། འགོས་ནད་ཐད་ཀར་སྙན་ཞུ་དང་སྔོན་དུ་ཉེན་བརྡ་གཏོང་བའི་མ་ལག་འཐུས་ཚང་དུ་གཏོང་ཞིང་། རིམས་ནད་ཀྱི་ཆ་འཕྲིན་དུས་ཐོག་ཏུ་ཡོངས་གྲགས་དང་མངོན་གསལ་གྱིས་སྤེལ་བ་རྒྱུན་འཁྱོངས་བྱེད་དགོས། རིམས་འགོག་གི་དམིགས་བསལ་རྒྱལ་བུན་བེད་སྤྱོད་ཡག་པོ་བྱེད་ཅིང་། འགོག་སྨན་དང་། སྨན་རྫས། མྱུར་དུ་ཞིབ་དཔྱད་ཚད་ལེན་བྱེད་པའི་ལག་རྩལ་བཅས་ཞིབ་འཇུག་གསར་སྤེལ་བྱེད་པའི་གཏོང་སྒོ་མང་དུ་གཏོང་དགོས། རིམས་ཟོན་སྐྱོབ་གསོའི་སྨན་བཅོས་སྒྲིག་བཀོད་ཇེ་མང་དུ་གཏོང་བ་དང་། སྤོར་འགུལ་རུང་བའི་ཚོད་ལྟ་ཁང་ཇེ་མང་དུ་གཏོང་བ། མྱུར་བསྟུན་དངོས་ཟོག་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་གྱི་འཕྲོད་བསྟེན་རིམས་ཟོན་ལ་ཤུགས་སྣོན་པ་བཅས་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཟབ་ཏུ་སྤེལ་ཞིང་། འཕྲོད་བསྟེན་གྱི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་བདེ་ཐང་དང་དཔལ་ཡོན་ལྡན་པའི་འཚོ་སྟངས་དར་སྤེལ་གཏོང་དགོས། སྔོན་འགོག་དང་ཚོད་འཛིན་གྱི་ནུས་པ་ཚད་མཐོན་པོས་ཆེ་རུ་གཏོང་བ་དང་། རིམས་ནད་བསྐྱར་ལོག་ཡོང་བ་སྔོན་འགོག་མཐའ་གཅིག་ཏུ་བྱས་ནས། མི་དམངས་ཀྱི་བདེ་ཐང་བློ་ཐག་རྦད་ཆོད་ཀྱིས་སྲུང་སྐྱོང་བྱེད་དགོས།

གཞི་རྩའི་སྨན་བཅོས་ཀྱི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས། སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ཀྱི་ནོར་སྲིད་ཁ་གསབ་ཚད་གཞི་སྒོར་30སྤར་བ་དང་། སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་མཇུག་རྩིས་རྒྱག་པའི་ཚོད་ལྟ་སྤེལ་དགོས། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་སྨན་བཅོས་སྒྲིག་གཞིར་རོགས་སྐྱོར་བྱེད་པ་དང་། གཞུང་གཉེར་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། “དྲ་སྦྲེལ་+སྨན་བཅོས་བདེ་ཐང་”འཕེལ་རྒྱས་གཏོང་བ་དང་། ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་སྨན་བཅོས་ཀྱི་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་ཞིང་། རིམ་དབྱེའི་ནད་བརྟག་སྨན་བཅོས་ལ་སྐུལ་འདེད་གཏོང་དགོས། ཀྲུང་ལུགས་གསོ་རིག་དང་སྨན་རྫས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་ལུགས་དང་ཕྱི་ལུགས་ཀྱི་གསོ་རིག་ཟུང་འབྲེལ་བྱེད་དགོས། ཞི་མཐུན་གྱི་སྨན་པ་དང་ནད་པའི་འབྲེལ་བ་ཆགས་པར་བྱེད་དགོས། བཟའ་བཅའ་དང་སྨན་རྫས་ལ་ལྟ་སྐུལ་དོ་དམ་ནན་པོ་བྱས་ཏེ་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།

སློབ་གསོ་འདྲ་མཉམ་ངང་གོང་འཕེལ་འགྲོ་བ་དང་སྤུས་ཚད་མཐོར་འདེགས་གཏོང་བར་སྐུལ་འདེད་བྱེད་དགོས། ཀུན་སྤྱོད་འཛུགས་སྤེལ་དང་མི་གསོ་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། སློབ་གྲྭ་འབྲིང་ཆུང་གི་སློབ་གསོ་དང་སློབ་ཁྲིད་དང་། འབྲིང་རྒྱུགས་དང་མཐོ་རྒྱུགས་བཅས་ཀྱི་བྱ་བ་གོ་རིམ་ལྡན་པའི་སྒོ་ནས་སྒྲིག་འཛུགས་བྱེད་དགོས། ཞང་དང་གྲོང་རྡལ་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དང་། གྲོང་གསེབ་ཀྱི་གཞི་ཁྱོན་ཆུང་བའི་སློབ་གྲྭ། རྫོང་མཁར་གྱི་སློབ་གྲྭ་བཅས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཕ་མ་དང་མཉམ་དུ་སྤོས་ཡོང་བའི་བུ་ཕྲུག་གི་འོས་འགན་སློབ་གསོའི་སློབ་ཞུགས་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། དམིགས་བསལ་སློབ་གསོ་དང་རྒྱུན་མཐུད་སློབ་གསོ་ལེགས་པར་གཉེར་དགོས། དམངས་གཉེར་སློབ་གསོར་རྒྱབ་སྐྱོར་བྱས་ནས་ཚད་ལྡན་དུ་གཏོང་བ་དང་། ཀུན་ཕན་རང་བཞིན་གྱི་སློབ་ན་མ་སོན་གོང་གི་སློབ་གསོ་འཕེལ་རྒྱས་གཏོང་ཞིང་། དམངས་གཉེར་བུ་བཅོལ་ཁང་གི་དཀའ་ངལ་སེལ་རོགས་བྱེད་དགོས། མཐོ་རིམ་སློབ་གསོ་ནང་སྙིང་ལྡན་པར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱེད་པ་དང་། སློབ་ཆེན་རྩེ་གྲ་དང་རིག་གཞུང་ཚན་ཁག་རྩེ་གྲ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཞིང་། དབུས་རྒྱུད་དང་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གྲྭ་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱེད་དགོས། མཐོ་རིམ་སློབ་གྲྭས་གྲོང་གསེབ་དང་དབུལ་ཕོངས་ས་ཁུལ་ནས་སློབ་མ་སྡུད་པའི་གཞི་ཁྱོན་རྒྱ་སྐྱེད་དགོས། ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་བ་དང་། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། སློབ་གསོའི་གཏོང་སྒོ་བརྟན་པོ་དང་གཏོང་སྒོའི་གྲུབ་ཚུལ་ལེགས་བཅོས་བྱེད་ཅིང་། གྲོང་ཁྱེར་དང་གྲོང་གསེབ་བར་དང་། ས་ཁོངས་དང་ས་ཁོངས་བར། སློབ་གྲྭ་དང་སློབ་གྲྭ་བར་བཅས་ཀྱི་ཧེ་བག་ཇེ་ཆུང་དུ་བཏང་སྟེ། སློབ་གསོའི་ཐོན་ཁུངས་ཀྱིས་ཁྱིམ་ཚང་དང་ཕྲུ་གུ་ཚང་མར་ཕན་ཐོགས་ཤིང་ཁོང་ཚོར་སྔར་བས་འོད་སྟོང་འབར་བའི་མ་འོངས་པ་ལྡན་པར་བྱེད་དགོས།

གཞི་རྩའི་དམངས་འཚོར་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། ལས་འཁྱུར་ངལ་གསོ་བའི་གཞི་རྩའི་རྒན་གསོའི་འཚོ་དངུལ་གོང་དུ་སྤར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་རྨང་གཞིའི་རྒན་གསོའི་འཚོ་དངུལ་གྱི་ཚད་གཞི་དམའ་ཤོས་ཇེ་མཐོར་གཏོང་དགོས། ཁེ་ལས་ལས་བཟོ་པའི་གཞི་རྩའི་རྒན་གསོའི་འགན་བཅོལ་མ་དངུལ་ཞིང་ཆེན་རིམ་པས་མཉམ་སྡུད་མཉམ་གཏོང་བྱེད་པ་མངོན་འགྱུར་བྱས་ཏེ། ཀྲུང་དབྱང་གི་སྙོམས་སྒྲིག་བྱེད་པའི་སྡུར་ཚད་ཇེ་མཐོར་གཏོང་དགོས། རྒྱལ་ཡོངས་སུ་རྒན་གསོའི་འཚོ་དངུལ་ལེན་མཁན་མི་དུང་ཕྱུར་3ཙམ་ཡོད་པས། དུས་ལྟར་འདང་ངེས་སྤྲོད་ཐུབ་པར་ངེས་པར་ཁག་ཐེག་བྱེད་དགོས། དམག་ཞབས་འཐིམས་པའི་དམག་མིའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། གཞུང་དོན་དུ་རང་སྲོག་ཤོར་བའི་མི་སྣའི་འཆི་གོད་གྱོང་གསབ་ལས་དོན་ལེགས་པར་སྒྲུབ་དགོས། ལས་ཤོར་འགན་བཅོལ་གྱི་འགན་སྲུང་ཁྱབ་ཁོངས་རྒྱ་བསྐྱེད་དེ། འགན་བཅོལ་ནང་ཞུགས་ནས་ལོ་གཅིག་ཟིན་མེད་པའི་གླ་རྒྱག་ཞིང་པ་སོགས་ལས་ཤོར་མི་སྣ་ཚང་མ་རྒྱུན་སྡོད་བྱ་ཡུལ་གྱི་འགན་སྲུང་བྱེད་ཁོངས་སུ་འཇུག་དགོས། སྤྱི་ཚོགས་སྐྱོབ་རོགས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། མ་མཐའི་འཚོ་རྟེན་འགན་སྲུང་གི་ཁྱབ་ཁོངས་རྒྱ་བསྐྱེད་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱིམ་ཚང་དཀའ་ངལ་ཅན་རྣམས་འགན་བཅོལ་འོས་རིགས་ཚང་མ་འགན་བཅོལ་གང་ཐུབ་བྱེད་ཅིང་། ཆ་རྐྱེན་འཛོམས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་པ་དང་ཕ་ཡུལ་དུ་ཕྱིར་ལོག་པའི་མི་སྣ་དུས་ཐོག་ཏུ་མ་མཐའི་འཚོ་རྟེན་འགན་སྲུང་ནང་འཇུག་དགོས། གནོད་སྐྱོན་ནམ་ནད་བྱུང་བ་དང་དབང་པོ་སྐྱོན་ཅན་བཅས་ཀྱི་དབང་གིས་གནས་སྐབས་དཀའ་ངལ་ལ་ཕྲད་པའི་མི་སྣ་ཚང་མར་རོགས་སྐྱོབ་བྱེད་དགོས། དཀའ་ངལ་ཡོད་པའི་མང་ཚོགས་ཡོངས་ཀྱི་གཞི་རྩའི་འཚོ་བ་དངོས་གནས་འགན་སྲུང་བྱེད་ཅིང་། དམངས་འཚོ་འགན་སྲུང་གིས་ལས་ཤོར་མི་སྣ་སྔར་བས་མང་པོ་ཡང་བསྐྱར་ལས་ཞུགས་བྱས་ནས་ལས་གཏོད་ཕོད་པར་རོགས་རམ་བྱེད་ཐུབ་ངེས་ཡིན།

མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་པོར་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བསྟར་ནས། མཚན་ཉིད་སྤྱི་ཚོགས་ཚན་རིག་དང་། གསར་འགྱུར་དཔེ་སྐྲུན། རླུང་འཕྲིན་ནམ་གློག་བརྙན་བརྙན་འཕྲིན་སོགས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་དགོས་ལ། རིག་དངོས་སྲུང་སྐྱོབ་བམ་བེད་སྤྱོད་པ་དང་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། སྤྱི་པའི་རིག་གནས་ཞབས་ཞུར་ཤུགས་སྣོན་པ་དང་། པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་བྱེད་པ། དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་པ་དར་སྤེལ་གཏོང་བ་བཅས་ཀྱིས་སྤྱི་ཚོགས་ཡོངས་གསོན་ཤུགས་ཀྱིས་ཁེངས་པ་དང་ཡར་རྒྱས་ལེགས་ལམ་དུ་སྐྱོད་པར་བྱེད་དགོས།

སྤྱི་ཚོགས་བཅོས་སྐྱོང་བྱེད་ཤུགས་ཆེར་གཏོང་དང་གསར་གཏོད་བྱེད་དགོས། སྡེ་ཁུལ་གྱི་དོ་དམ་དང་ཞབས་ཞུའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་བཅོས་སྐྱོང་བྱེད་པར་ཤུགས་སྣོན་དགོས། སྤྱི་ཚོགས་རྩ་འཛུགས་དང་། མི་ཆོས་རོགས་སྐྱོབ། དང་བླངས་ཞབས་ཞུ། དགེ་རྩའི་བྱ་གཞག་སོགས་སྐྱོན་བྲལ་ངང་གོང་དུ་འཕེལ་བར་རྒྱབ་སྐྱོར་བྱེད་ཅིང་། བུད་མེད་དང་། བྱིས་པ། རྒན་རྒོན། དབང་པོ་སྐྱོན་ཅན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། ཡིག་སྐུར་ངོ་གཏུག་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། བཅའ་ཁྲིམས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་དུས་ཐོག་ཏུ་ཐག་གཅོད་པ་དང་། འགལ་བ་དང་རྩོད་གླེང་སེལ་ཐབས་བྱེད་དགོས། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་བྱེད་ཐེངས་བདུན་པ་སྤེལ་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། སྤྱི་ཚོགས་བདེ་སྐྱོང་སྔོན་འགོག་དང་ཚོད་འཛིན་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཉེས་བསགས་བྱ་སྤྱོད་སྣ་ཚོགས་ལ་བཅའ་ཁྲིམས་ལྟར་རྡུང་རྡེག་བཏང་ནས། ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས།

བདེ་འཇགས་ཀྱིས་ཐོན་སྐྱེད་བྱེད་པའི་འགན་འཁྲི་ཆེ་རུ་གཏོང་དགོས། ཆུ་ལོག་དང་ཞོད་སྐྱོན། མེ་སྐྱོན། ས་ཡོམ་སོགས་ཀྱི་གནོད་འཚེ་འགོག་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནམ་གཤིས་ཀྱི་ཞབས་ཞུ་ལེགས་པར་བསྒྲུབས་ཏེ། མྱུར་བསྟུན་དོ་དམ་དང་། ཉེན་སེལ་རོགས་སྐྱོབ། གནོད་འགོག་གནོད་སེལ་བཅས་ཀྱི་ནུས་པ་ཇེ་ཆེར་གཏོང་དགོས། བདེ་འཇགས་ཀྱིས་ཐོན་སྐྱེད་བྱེད་པའི་ཆེད་དོན་བཅོས་སྐྱོང་ལག་བསྟར་བྱེད་པ་དང་། བློ་ཐག་རྦད་ཆོད་ཀྱིས་དོན་རྐྱེན་ཚབས་ཆེན་འབྱུང་བར་བཀག་འགོག་བྱེད་དགོས།

འཐུས་མི་རྣམ་པ།

དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་ལས་འགན་གྱི་མདུན་དུ། སྲིད་གཞུང་རིམ་པ་ཁག་གིས་རང་རྟོགས་ཀྱི་སྒོ་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་དུ་བསྟར་དགོས་ལ། ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བའི་བླང་བྱ་དོན་འཁྱོལ་དང་། ཁྲིམས་ལྟར་སྲིད་འཛིན་རྒྱུན་འཁྱོངས། ཁྲིམས་སྐྱོང་སྲིད་གཞུང་རྒྱུན་འཁྱོངས། སྲིད་དོན་ཡོངས་གྲགས་རྒྱུན་འཁྱོངས་བཅས་བྱས་ནས་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་དགོས། རིམ་པ་མཉམ་པའི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཁྲིམས་ལྟར་དང་ལེན་དང་། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་རྟོགས་ངང་དང་ལེན། སྤྱི་ཚོགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བཅས་བྱེད་དགོས། རྩིས་བཤེར་གྱི་ལྟ་སྐུལ་ལ་ཤུགས་སྣོན་དགོས། བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྲིད་གཞུང་གི་ལས་བྱེད་མི་སྣས་བཅའ་ཁྲིམས་དང་། ལྟ་ཞིབ། མི་དམངས་བཅས་ཀྱི་ལྟ་སྐུལ་རང་འགུལ་གྱིས་དང་ལེན་བྱེད་ཅིང་། སྤྱོད་གཙང་གི་སྲིད་གཞུང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། རུལ་སུངས་ལ་བློ་ཐག་རྦད་ཆོད་ཀྱིས་ཉེས་ཆད་གཅོད་དགོས།

སྲིད་གཞུང་རིམ་པ་ཁག་གིས་ཐོག་མཐའ་བར་གསུམ་དུ་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་འདི་ཁོང་དུ་ཆུད་པ། ཕྱི་རོལ་ཡུལ་གྱི་ཆོས་ཉིད་བརྩི་སྲུང་། བྱ་བ་གང་བྱེད་ཚང་མ་དོན་དངོས་ལ་གཞིགས་པ་བཅས་བྱས་ནས་རང་ཉིད་ཀྱི་བྱ་བ་ལེགས་པོར་སྒྲུབ་དགོས། “སྤྱོད་ཚུལ་བཞི་”ཡོ་བསྲང་དང་བཅོས་སྐྱོང་བྱེད་པར་ཤུགས་རྒྱག་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་གང་ཐུབ་བྱེད་ཅིང་། རྒྱ་ཆེའི་གཞི་རིམ་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་རྐང་ལག་ཕྱི་ཚུལ་རིང་ལུགས་ཀྱི་འཆིང་རྒྱ་ལས་བཀྲོལ་བར་བྱས་ཏེ། འགན་འཁུར་མཁན་གྱི་ཆེད་དུ་འགན་འཁུར་བ་དང་། ལས་འགན་སྒྲུབ་མཁན་ལ་རང་འགན་གཙང་སྒྲུབ་བྱེད་དུ་འཇུག་དགོས།  མི་དམངས་མང་ཚོགས་ལ་རྒྱབ་རྟེན་དམ་པོར་བཅོལ་བ་དང་། གཞི་རིམ་གྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་དགོས། སྔར་ལས་ཆེ་བའི་སྟོབས་ཤུགས་ཀྱིས་སྒྱུར་བཅོས་སྒོ་འབྱེད་ལ་སྐུལ་སྤེལ་གཏོང་བ་དང་། སྤྱི་ཚོགས་ཀྱི་གསོན་ཤུགས་སྐུལ་སློང་བྱས་ནས་མང་ཚོགས་དུང་ཕྱུར་མང་པོའི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། འདི་ནི་ང་ཚོ་དཀའ་ངལ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་བའི་བློ་གདེང་ཡིན། རྒྱ་ཆེའི་ལས་བྱེད་པས་དཀའ་ངལ་ལ་མི་འཛེམ་པ་དང་ལག་ལེན་བྱེད་པ་གཙོ་བོར་བཟུང་སྟེ། སེམས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་དམ་འཛིན་དང་དམངས་འཚོ་འགན་སྲུང་བྱེད་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་སྐྱིད་སྡུག་མཉམ་མྱོང་གིས་མདུན་སྐྱོད་བྱས་ཚེ། ཀྲུང་གོའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་དོན་དུ་གཉེར་བའི་འདུན་པ་མངོན་འགྱུར་ཐུབ་ངེས་ཡིན།

ད་ལོར་“ལོ་ལྔ་ཚན་བཅུ་བཞི་པའི་”འཆར་འགོད་སྒྲིག་བཟོ་ཡག་པོ་བྱས་ཏེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་རྒྱང་སྐྱོད་བགྲོད་ལམ་གསར་པ་གཏོད་ཆེད་འཆར་གཞི་འདིང་དགོས། 

【1】  【2】  【3】  【4】  【5】  【6】