འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་29ཉིན།

༄༅།།སྲིད་གཞུང་གི་ལས་དོན་སྙན་ཞུ།

——2020ལོའི་ཟླ་5ཚེས་22ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ལི་ཁེ་ཆང་།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་20ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

         ལྔ། ནང་མཁོ་རྒྱ་སྐྱེད་ཀྱི་འཐབ་ཇུས་ལག་བསྟར་བྱས་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་མགྱོགས་པོར་སྒྱུར་བར་སྐུལ་འདེད་གཏོང་དགོས།

རང་རྒྱལ་གྱི་ནང་མཁོའི་བག་ཉལ་སྟོབས་ཤུགས་ཆེ་བས། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། དམངས་འཚོའི་ཁྲིད་ཕྱོགས་མངོན་གསལ་དོད་པར་བྱས་ནས། འཛད་སྤྱོད་བྱེད་ཚད་ཆེ་རུ་གཏོང་བ་དང་དངུལ་འཇོག་རྒྱ་སྐྱེད་པ་ཕན་ཚུན་ཟུང་འབྲེལ་དང་སྐུལ་འདེད་ནུས་ལྡན་ཡོང་བ་བྱེད་དགོས།

འཛད་སྤྱོད་བསྐྱར་འཕར་ཡོང་བར་སྐུལ་འདེད་གཏོང་དགོས། ལས་ཞུགས་བརྟན་པོ་དང་། འབབ་འཕར་སྐུལ་འདེད། དམངས་འཚོ་འགན་སྲུང་བཅས་བྱེད་པར་བརྟེན་ནས། སྡོད་དམངས་ཀྱི་འཛད་སྤྱོད་ཀྱི་འདོད་བློ་དང་ནུས་པ་ཆེ་རུ་གཏོང་དགོས། བཟའ་བཏུང་དང་། ཚོང་ར། རིག་གནས། ཡུལ་སྐོར། ཁྱིམ་ལས་སོགས་འཚོ་བའི་ཞབས་ཞུའི་ལས་རིགས་སླར་གསོ་དང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱེད་པ་དང་། དྲ་ཐོག་དང་དྲ་འོག་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས། རླངས་འཁོར་འཛད་སྤྱོད་ལ་སྐུལ་འདེད་བཏང་སྟེ། རླངས་འཁོར་འཇོག་དཀའ་བའི་གནད་དོན་ཤུགས་བརྒྱབ་ནས་ཐག་གཅོད་དགོས། རྒན་གསོ་དང་བུ་བཅོལ་སློབ་གསོའི་ཞབས་ཞུ་འཕེལ་རྒྱས་གཏོང་བ་དང་། བདེ་ཐང་ཆེན་པོའི་ཐོན་ལས་འཕེལ་རྒྱས་གཏོང་དགོས། རྐང་ཐང་ཁྲོམ་ལམ་བསྒྱུར་བཀོད་དང་རིམ་སྤར་བྱེད་དགོས། གློག་རྡུལ་ཚོང་དོན་དང་མྱུར་སྐྱེལ་གྲོང་གསེབ་ཏུ་སྐྱོད་པར་རྒྱབ་སྐྱོར་བྱས་ནས། གྲོང་གསེབ་ཀྱི་འཛད་སྤྱོད་རྒྱ་སྐྱེད་དགོས། ཐབས་མང་མཉམ་སྤྱོད་ཀྱིས་འཛད་སྤྱོད་རྒྱ་བསྐྱེད་དེ། མང་ཚོགས་ཀྱི་དགོས་མཁོ་སྣ་མང་དང་འཚམ་པར་བྱེད་དགོས།

ནུས་ལྡན་དངུལ་འཇོག་རྒྱ་ཆེར་གཏོང་དགོས། ད་ལོར་ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་སྒོར་དུང་ཕྱུར་ཁྲི་3.75བཀོད་སྒྲིག་བྱེད་རྩིས་ཡོད་ཅིང་། ན་ནིང་ལས་སྒོར་དུང་ཕྱུར་ཁྲི་1.6འཕར་ཡོད། ཆེད་དམིགས་བུན་འཛིན་ལས་གཞིའི་མ་དངུལ་དུ་སྤྱོད་ཆོག་པའི་སྡུར་ཚད་ཇེ་མཐོར་གཏོང་དགོས་པ་དང་། ཀྲུང་དབྱང་གི་སྔོན་རྩིས་ནང་ནས་དངུལ་འཇོག་སྒོར་དུང་ཕྱུར་6000བཀོད་སྒྲིག་བྱེད་རྒྱུ། འཛད་སྤྱོད་ལ་སྐུལ་འདེད་བཏང་ནས་དམངས་འཚོར་ཕན་པར་མ་ཟད། གྲུབ་ཚུལ་ལེགས་སྒྲིག་དང་གཏིང་ཤུགས་ཆེ་རུ་གཏོང་བའི་“གསར་པ་གཉིས་དང་གལ་ཆེན་གཅིག་”གི་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱེད་རྒྱུ། གཙོ་བོ་ནི་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆ་འཕྲིན་དྲ་བ་རབས་གསར་པ་འཕེལ་རྒྱས་གཏོང་བ། 5Gབེད་སྤྱོད་རྒྱ་ཆེ་རུ་གཏོང་བ། གཞི་གྲངས་ལྟེ་གནས་འཛུགས་སྐྲུན་བྱེད་པ། གློག་གསོག་ཕུར་བུ་དང་གློག་སྨན་བརྗེ་གནས་སོགས་ཀྱི་སྒྲིག་བཀོད་ཇེ་མང་དུ་གཏོང་བ། ནུས་ཁུངས་གསར་པའི་རླངས་འཁོར་ཁྱབ་གདལ་གཏོང་བ། འཛད་སྤྱོད་ཀྱི་དགོས་མཁོ་གསར་པ་སྐུལ་སློང་དང་ཐོན་ལས་རིམ་སྤར་ལ་རམ་འདེགས་བྱེད་པ་བཅས་ཡིན། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྫོང་མཁར་གྱི་སྤྱི་པའི་སྒྲིག་བཀོད་དང་ཞབས་ཞུའི་ནུས་པ་ཆེ་རུ་བཏང་སྟེ། ཞིང་པ་རྫོང་མཁར་དུ་སོང་ནས་ཁོང་ཚོའི་ལས་ཞུགས་གཞིས་ཆགས་ཀྱི་རེ་འདོད་ཉིན་བཞིན་ཇེ་དྲག་ཏུ་འགྲོ་བ་དང་འཚམ་པར་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་རྙིང་པ་ཁྲི་3.9གསར་དུ་བསྒྱུར་བཀོད་བྱས་ཏེ། ས་འོག་སྦུག་ལམ་བསྒྱུར་བཀོད་དང་གློག་སྐས་འཛུགས་པ་སོགས་ལ་རྒྱབ་སྐྱོར་བྱེད་ཅིང་། ཁྱིམ་དུ་སྡོད་པ་དང་། ཟས་ཟ་བ། གཙང་སྦྲ་བྱེད་པ་སོགས་སྡེ་ཁུལ་གྱི་ཞབས་ཞུ་སྣ་ཚོགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། འགྲིམ་འགྲུལ་དང་ཆུ་བེད་སོགས་ལས་གྲྭ་གལ་ཆེན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་ལྕགས་ལམ་འཛུགས་སྐྲུན་ལ་མ་རྩའི་དངུལ་སྒོར་དུང་ཕྱུར་1000མང་དུ་གཏོང་རྒྱུ། ཚོང་ར་ཅན་གྱི་དངུལ་འཇོག་དངུལ་སྡུད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དམངས་གཉེར་ཁེ་ལས་འདྲ་མཉམ་ངང་ཞུགས་པར་རྒྱབ་སྐྱོར་བྱེད་དགོས། ལས་གཞི་ལེགས་འདེམས་དང་མཇུག་རྐྱེན་ངན་པ་མི་འབྱུང་བ་བྱས་ནས། དངུལ་འཇོག་གི་ཕན་འབྲས་རྒྱུན་མཐུད་ངང་ཐོན་ཐུབ་པ་བྱེད་དགོས།

གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་ཟབ་མོ་བྱེད་དགོས། ལྟེ་བའི་གྲོང་ཁྱེར་དང་གྲོང་ཁྱེར་ཁྱུ་ཚོགས་ཀྱི་ཕྱོགས་བསྡུས་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། ཐོན་ལས་སྐྱེད་སྲིང་དང་ལས་ཞུགས་ཇེ་མང་དུ་གཏོང་དགོས། ཁང་པ་ནི་སྡོད་ས་ཡིན་པ་ལས་སྦིར་འཚོང་བྱ་ཡུལ་མིན་པའི་གནས་ངེས་རྒྱུན་འཁྱོངས་དང་། གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ། ས་ཁང་བདག་ཁོངས་ཀྱི་ཚོང་ར་བརྟན་བརླིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། དམངས་ཕན་དང་བཀག་དངོས་མེད་པའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས། གྲོང་ཁྱེར་སྔར་བས་ལས་གཉེར་དང་གནས་སྡོད་འཚམ་པར་ཡོང་བ་བྱེད་དགོས།

ས་ཁོངས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གང་མགྱོགས་ཀྱིས་དོན་འཁྱོལ་བྱེད་དགོས། ནུབ་རྒྱུད་གསར་སྤེལ་ཆེན་པོ་བྱེད་པ་དང་། བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ། དབུས་རྒྱུད་ས་ཁུལ་དར་རྒྱས་གཏོང་བ། ཤར་རྒྱུད་སྔོན་ལ་འཕེལ་རྒྱས་གཏོང་བ་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། པེ་ཅིན་ཐེན་ཅིན་ཧོ་པེ་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་། ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་བྱེད་པ། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བ་བཅས་ལ་སྐུལ་འདེད་ཟབ་མོ་གཏོང་དགོས། འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྲུང་སྐྱོང་ཆེན་པོ་ཐུན་མོང་གིས་དམ་འཛིན་བྱེད་པར་སྐུལ་འདེད་གཏོང་ཞིང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད་རྩ་གནད་བཟོ་འགོད་བྱེད་དགོས། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གསར་བརྗེའི་གནས་རྙིང་ས་ཁུལ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། དབུལ་ཕོངས་ས་ཁུལ་བཅས་གང་མགྱོགས་ཀྱིས་འཕེལ་རྒྱས་གཏོང་དགོས་ལ། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས།

ཧུའུ་པེ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྡེབ་གཅིག་སྲིད་ཇུས་ལག་བསྟར་ཡག་པོ་བྱས་ཏེ། ལས་ཞུགས་འགན་སྲུང་དང་། དམངས་འཚོ་འགན་སྲུང་། འཁོར་སྐྱོད་འགན་སྲུང་བཅས་ལ་རྒྱབ་སྐྱོར་བྱེད་ཅིང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས།

སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་དགོས། ཁྲིམས་ལྟར་དང་། ཚན་རིག་དང་མཐུན་པ། གནད་འཁེལ་བཅས་ཀྱི་སྒོ་ནས་སྦགས་བཙོག་བཅོས་སྐྱོང་བྱེད་པ་འབུར་དུ་ཐོན་དགོས། གཙོ་གནད་ས་ཁུལ་གྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་བཅོས་སྐྱོང་གི་འགག་སྒྲོལ་ཟབ་ཏུ་སྤེལ་དགོས། བཙོག་ཆུ་དང་གད་སྙིགས་གཙང་སེལ་བྱེད་པའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཚོ་བའི་གད་སྙིགས་རིགས་དབྱེ་བར་སྐུལ་འདེད་གཏོང་དགོས། མི་ཚོགས་ཆེ་སར་ཉེན་ཡོད་རྫས་འགྱུར་ཐོན་རྫས་ཐོན་སྐྱེད་བྱེད་པའི་ཁེ་ལས་གང་མགྱོགས་ཀྱིས་གནས་སྤོ་དང་བསྒྱུར་བཀོད་བྱེད་ཅིང་། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་རྒྱ་སྐྱེད་དགོས། རི་སྐྱེས་སྲོག་ཆགས་ཁྲིམས་དང་འགལ་ནས་གསོད་བཟུང་བྱེད་པ་དང་། ཟས་སུ་ཟ་བ། ཉོ་ཚོང་བྱེད་པ་བཅས་ཀྱི་བྱ་སྤྱོད་ལ་ཆད་པ་ནན་པོ་གཅོད་དགོས། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོང་དང་ཉམས་གསོ་བྱེད་པའི་ལས་གྲྭ་གལ་ཆེན་ལག་བསྟར་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

ནུས་ཁུངས་ཀྱི་བདེ་འཇགས་འགན་སྲུང་བྱེད་དགོས། རྡོ་སོལ་གཙང་མ་དང་ཕན་འབྲས་ཆེན་པོའི་ངང་བེད་སྤྱོད་པར་སྐུལ་འདེད་བཏང་ནས། བསྐྱར་སྐྱེ་ཐུབ་པའི་ནུས་ཁུངས་འཕེལ་རྒྱས་གཏོང་དགོས། རྡོ་སྣུམ་དང་། རང་བྱུང་སོལ་རླངས། གློག་ཤུགས་བཅས་ཐོན་སྐྱེད་དང་མཁོ་ཚོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ནུས་ཁུངས་གསོག་འཇོག་བྱེད་ནུས་ཆེ་རུ་གཏོང་དགོས།

དྲུག དབུལ་བྲལ་འགག་སྒྲོལ་གྱི་དམིགས་འབེན་མངོན་འགྱུར་ཡོང་བར་ཁག་ཐེག་བྱས་ཏེ་ཞིང་ལས་ལ་ལོ་ལེགས་ཡོང་བ་དང་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་བྱེད་དགོས།

དབུལ་བྲལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་བའི་བྱེད་ཐབས་དོན་འཁྱོལ་བྱས་ཏེ། ཞིང་ལས་ཐོན་རྫས་གལ་ཆེན་གྱི་འདོན་སྤྲོད་འགན་སྲུང་དང་། ཞིང་པའི་འཚོ་བའི་ཆུ་ཚད་མཐོར་འདེགས་གཏོང་དགོས།

དབུལ་བྲལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། དབུལ་བྲལ་མ་བྱུང་བའི་དབུལ་ཕོངས་རྫོང་དང་དབུལ་ཕོངས་གྲོང་ཚོ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕྱི་ཕྱོགས་སུ་ལས་ཀར་ཞུགས་པའི་ངལ་རྩོལ་ནུས་ཤུགས་ལས་ཞུགས་བྱ་ཡུལ་དུ་ལས་གནས་བརྟན་པོ་ཡོང་བར་བྱེད་དགོས། འཛད་སྤྱོད་ཀྱིས་དབུལ་སྐྱོར་བྱེད་པའི་བྱ་སྤྱོད་སྤེལ་ནས། དབུལ་སྐྱོར་ཐོན་ལས་སླར་གསོ་དང་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱེད་དགོས། གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཀྲུང་དབྱང་སྡེ་ཚན་གྱི་དམིགས་བཙུགས་དབུལ་སྐྱོར་ཟབ་ཏུ་སྤེལ་དགོས། དམིགས་བསལ་དབུལ་ཕོངས་མི་འབོར་ལ་མཐའ་སྐྱོང་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དབུལ་བྲལ་འགག་སྒྲོལ་གྱི་ཡོངས་ཁྱབ་ཞིབ་བཤེར་ཡག་པོ་བྱེད་དགོས། དབུལ་ཞྭ་ཕུད་པའི་རྫོང་གི་རོགས་སྐྱོར་སྲིད་ཇུས་གཙོ་བོ་མུ་མཐུད་ལག་བསྟར་བྱེད་ཅིང་། དབུལ་བྲལ་དང་གྲོང་གསེབ་དར་རྒྱས་གཏོང་བ་སྦྲེལ་མཐུད་ནུས་ལྡན་བྱེད་པར་མུ་མཐུད་སྐུལ་འདེད་བཏང་ནས། དབུལ་བྲལ་མང་ཚོགས་ནུས་ཤུགས་ཡོད་རྒུས་ཕྱུག་འགྱུར་ལམ་དུ་སྐྱོད་དུ་འཇུག་དགོས།

ཞིང་ལས་ཐོན་སྐྱེད་དམ་འཛིན་ལེགས་པོ་བྱེད་པར་ཤུགས་རྒྱག་དགོས། འབྲུ་རིགས་འདེབས་ཁྱོན་དང་ཐོན་ཚད་བརྟན་པོ་ཡོང་བ་དང་། བསྐྱར་འདེབས་ཀྱི་སྡུར་གྲངས་མཐོ་རུ་གཏོང་དགོས། འབྲས་ཀྱི་ཉོ་སྒྲུབ་རིན་གོང་དམའ་ཤོས་མཐོ་རུ་གཏོང་བ་དང་། འབྲུ་རིགས་ཐོན་འབོར་ཆེ་བའི་རྫོང་གི་བྱ་དགའ་ཇེ་མང་དུ་གཏོང་དགོས་ལ། ནད་འབུའི་གནོད་པ་ཚབས་ཆེན་ཤུགས་ཆེན་གྱིས་འགོག་བཅོས་བྱེད་དགོས། སྲན་སེར་སོགས་སྣུམ་རྒྱུ་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་དགོས། ཁྲིམས་འགལ་སྒྲིག་འགལ་གྱིས་རྨོ་ཞིང་བཙན་བཟུང་བྱས་པའི་བྱ་སྤྱོད་ལ་ཆད་པ་བཅད་དེ། ཚད་གཞི་མཐོ་བའི་ས་ཞིང་མུའུ་ཁྲི་8000གསར་སྐྲུན་བྱེད་དགོས། སོན་བཟང་གསོ་སྤེལ་དང་ཁྱབ་གདལ་གཏོང་བ་དང་། ཞིང་ལས་འཕྲུལ་ཆས་ཀྱི་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། གྲོང་གསེབ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཨ་ཧྥེ་རི་ཁའི་ཕག་ནད་སོགས་འགོས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ཕག་པའི་ཐོན་སྐྱེད་སླར་གསོ་བྱེད་པ་དང་། ཕྱུགས་བྱ་དང་ཆུ་ཐོན་གསོ་སྤེལ་བྱེད་པ་འཕེལ་རྒྱས་གཏོང་དགོས། ཞིང་ལས་ཐོན་རྫས་འཁོར་རྒྱུག་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་དགོས། “ཟ་འབྲུ་”ཞིང་ཆེན་འགོ་འཛིན་གྱིས་འགན་འཁུར་བའི་ལམ་ལུགས་དང་“ཤ་ཚལ་སྒོང་གསུམ་”གྲོང་ཁྱེར་འགོ་འཛིན་གྱིས་འགན་འཁུར་བའི་ལམ་ལུགས་ནན་དཀྲི་བྱེད་དགོས། ཀྲུང་གོའི་མི་དུང་ཕྱུར་14ཡི་ལྟོ་ཕོར་ང་ཚོ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པའི་ནུས་པ་ཡོད་ལ་ཡོད་ཀྱང་ངེས་པར་དུ་དགོས།

         ཞིང་པའི་ལས་ཞུགས་དང་ཡོང་འབབ་འཕར་བའི་ཐབས་ལམ་རྒྱ་སྐྱེད་དགོས། ཞིང་པས་ཐག་ཉེ་ས་ནས་ལས་ཞུགས་དང་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་ཅིང་། ཐོན་ལས་དང་པོ་གཉིས་པ་གསུམ་པ་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བ་དང་། རྒུད་གསབ་ལས་སྤྲོད་བྱེད་རྒྱ་ཆེ་རུ་བཏང་སྟེ། ཕ་ཡུལ་དུ་ལོག་པའི་གླ་རྒྱག་ཞིང་པར་གླ་རྒྱག་ས་དང་ཡོང་སྒོ་ཡོད་པར་བྱེད་དགོས། ཞིང་པའི་ལས་རིགས་ནུས་རྩལ་གྱི་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། གླ་རྒྱག་ཞིང་པའི་གླ་ཕོགས་དུས་འགྱངས་ཆད་ལུས་བྱུང་བའི་གནད་དོན་ཁྲིམས་ལྟར་རྩ་བ་ནས་ཐག་གཅོད་དགོས། གཞི་ཁྱོན་འོས་འཚམ་གྱི་གཉེར་སྐྱོང་བྱེད་པོར་རོགས་སྐྱོར་བྱེད་པ་དང་། ཞིང་དུད་སྤྱི་ཚོགས་ཅན་གྱི་ཞབས་ཞུར་ཤུགས་སྣོན་དགོས། ཞིང་ལས་ཐོན་རྫས་ཞིབ་ཏུ་ལས་སྣོན་བྱེད་པར་རྒྱབ་སྐྱོར་བྱེད་ཅིང་། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་སྤྱད་ས་འགན་སྲུང་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ཐུན་མོང་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་རུ་གཏོང་དགོས། ཆེད་དམིགས་བུན་འཛིན་གྱི་གཏོང་སྒོ་མང་དུ་གཏོང་ཞིང་། དེང་རབས་ཞིང་ལས་ཀྱི་སྒྲིག་བཀོད་དང་། འཐུང་ཆུ་བདེ་འཇགས་ལས་གྲྭ། མིའི་འཚོ་གནས་ཁོར་ཡུག་བཅས་བཅོས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཞིང་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མུ་མཐུད་ལེགས་བཅོས་བྱེད་དགོས། 

【1】  【2】  【3】  【4】  【5】  【6】