འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་29ཉིན།

༄༅།།སྲིད་གཞུང་གི་ལས་དོན་སྙན་ཞུ།

——2020ལོའི་ཟླ་5ཚེས་22ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ལི་ཁེ་ཆང་།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་20ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

འཐུས་མི་རྣམ་པ།

ད་ལྟ་ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སེང་ཞུ་རྒྱུ་ཡིན་པས། གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་གནང་རོགས་ཞུ་རྒྱུ་ཡིན།

ད་ཐེངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན། རང་རྒྱལ་ལ་བྱུང་བའི་ཁྱབ་པའི་མྱུར་ཚད་མགྱོགས་ཤོས་དང་། འགོས་པའི་ཁྱབ་རྒྱ་ཆེ་ཤོས། སྔོན་འགོག་དང་ཚོད་འཛིན་དཀའ་ཤོས་ཀྱི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་ཚབས་ཆེན་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་གོང་འོག་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དཀའ་སྤྱད་ཚད་མེད་ཀྱི་འབད་བརྩོན་བྱས་པར་མ་ཟད་རང་སྲོག་བློས་བཏང་བ་བརྒྱུད། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། མིག་སྔར་རིམས་ནད་ད་དུང་མཇུག་སྒྲིལ་མེད་པས་འཕེལ་རྒྱས་ཀྱི་ལས་འགན་ཧ་ཅང་ལྗིད་པོ་ཡོད། རིམས་ནད་ཀྱི་གྱོང་གུན་ཕོག་ཚད་དམའ་ཤོས་སུ་གཏོང་ཅི་ཐུབ་བྱས་ནས། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་འབེན་ལས་འགན་ལེགས་འགྲུབ་གང་ཐུབ་བྱེད་དགོས།

གཅིག  2019ལོ་དང་ད་ལོ་ཚུན་གྱི་ལས་དོན་ཕྱིར་དྲན་བྱེད་པ།

ན་ནིང་རང་རྒྱལ་གྱི་འཕེལ་རྒྱས་ལ་དཀའ་ངལ་དང་འགྲན་སློང་མང་པོར་ཕྲད་ཡོད། འཛམ་གླིང་གི་དཔལ་འབྱོར་འཕར་ཚད་དམའ་བ་དང་། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་འགལ་བ་ཇེ་དྲག རྒྱལ་ནང་གི་དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཇེ་ཆེ་བཅས་སུ་གྱུར་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་འགག་སྒྲོལ་དཀའ་སེལ་བྱས་པས། ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་གཙོ་བོ་ཡོངས་འགྲུབ་བྱུང་སྟེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་ཐག་གཅོད་རང་བཞིན་གྱི་རྨང་གཞི་བཏིང་ཡོད།

——དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད།  རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་99.1ཟིན་ནས་6.1%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་གསར་འཕར་བྱུང་ཚད་མི་གྲངས་ཁྲི་1352ཟིན་པ་དང་། བརྟག་དཔྱད་ཀྱི་ལས་ཀ་ཤོར་ཚད་5.3%མན་ཡིན། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་2.9%འཕར་ཡོད། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་ཡིན།

——དཔལ་འབྱོར་གྲུབ་ཚུལ་དང་ས་ཁོངས་བཀོད་སྒྲིག་མུ་མཐུད་ལེགས་འགྱུར་བྱུང་ཡོད།  སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་40ལས་བརྒལ་བ་དང་། འཛད་སྤྱོད་ཀྱིས་སྐུལ་ཁྲིད་ཀྱི་ནུས་པ་གཙོ་བོ་མུ་མཐུད་ཐོན་ཡོད། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་ཀྱི་འཕར་ཚད་ཅུང་མགྱོགས་པོ་བྱུང་བ་དང་། འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་ཁྲི་1.33ཡིན། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་ཐོག་མར་60%ལས་བརྒལ་བ་དང་། ས་ཁོངས་གལ་ཆེན་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཡོད།        

         ——འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ཚན་རྩལ་གསར་གཏོད་ལ་གྲུབ་འབྲས་གལ་ཆེན་ཁག་ཅིག་ཐོབ་ཡོད། གསར་དར་ཐོན་ལས་རྒྱུན་མཐུད་ངང་སྟོབས་ཆེར་ཕྱིན་པ་དང་། སྲོལ་རྒྱུན་གྱི་ཐོན་ལས་མགྱོགས་མྱུར་གྱིས་རིམ་འཕར་བྱུང་ཡོད། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་གཏིང་ཟབ་ཏུ་སྤེལ་བ་དང་། ཁེ་ལས་ཀྱི་གྲངས་འབོར་ཉིན་རེར་ཁྲི་1ཡན་འཕར་ཡོད།

——སྒྱུར་བཅོས་སྒོ་འབྱེད་ཐད་གོམ་སྟབས་གལ་ཆེན་སྤོས་ཡོད། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་སྤེལ་བ་དང་ཁྱབ་ཁོངས་གལ་ཆེན་གྱི་སྒྱུར་བཅོས་ལ་ཐོད་བརྒལ་གསར་པ་བྱུང་ཡོད། ཁྲལ་རིན་གཉིས་གཅོག་གི་སྒོར་དུང་ཕྱུར་ཁྲི་2.36ཡིན་པ་དེ་སྔོན་ལ་གཏན་འཁེལ་བྱས་པའི་སྒོར་དུང་ཕྱུར་ཁྲི་2ལ་ཉེ་ཙམ་གྱི་གཞི་ཁྱོན་ལས་བརྒལ་བས། བཟོ་སྐྲུན་ལས་རིགས་དང་ཁེ་ལས་ཆུང་ཕྲན་ལ་ཕན་པ་མང་ཤོས་ཐོབ་ཡོད། སྲིད་གཞུང་གི་སྒྲིག་གཞི་སྒྱུར་བཅོས་ཀྱི་ལས་འགན་ལེགས་འགྲུབ་བྱུང་བ་དང་། “གཤམ་སྤྲོད་དོ་དམ་ཞབས་ཞུ་”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་ཞིང་། ཚན་རྩལ་གསར་གཏོད་པང་བཙུགས་ཡོད། “རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱེད་པར་གྲུབ་འབྲས་གསར་པ་ཐོབ་ཡོད། ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག་བཏོན་པ་དང་། ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ཁུལ་གསར་པ་གསར་འཛུགས་བྱས་ཤིང་། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་རྒྱལ་གྱི་མ་དངུལ་བརྟན་པོའི་ངང་སྲུང་འཛིན་ཐུབ་ཡོད།      

         ——འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་འགག་རྩའི་འཕེལ་རྒྱས་བྱུང་ཡོད། གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཁྲི་1109ཉུང་དུ་ཕྱིན་པ་དང་། དབུལ་པོ་ཐོན་ཚད་0.6%བར་མར་ཆག་ནས་དབུལ་བྲལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། སྦགས་བཙོག་འགོག་བཅོས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། སྦགས་བཙོག་དངོས་རིགས་གཙོ་བོ་འབུད་ཚད་མུ་མཐུད་མར་ཆག་པ་དང་། སྐྱེ་ཁམས་ཁོར་ཡུག་སྤྱིའི་ཆ་ནས་ལེགས་བཅོས་བྱུང་ཡོད་ལ། དངུལ་རྩའི་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་རེད།

        ——དམངས་འཚོ་སྔར་བས་ལེགས་འགྱུར་བྱུང་ཡོད། སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3ལས་བརྒལ་ཡོད། གཞི་རྩའི་རྒན་གསོ་དང་། སྨན་བཅོས། མ་མཐའི་འཚོ་རྟེན་འགན་སྲུང་སོགས་ཀྱི་འགན་སྲུང་ཆུ་ཚད་མཐོ་རུ་བཏང་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་སྲུང་སྡོད་ཁང་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་ཁང་པ་ཉེན་ཅན་སྒྱུར་བཀོད་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མའི་འཚོ་བར་ཁ་གསབ་བྱེད་པའི་མི་གྲངས་40%ལ་ཉེ་བ་ཇེ་མང་དུ་བཏང་བ་དང་། མཐོ་རིམ་ལས་རིགས་སློབ་ཆེན་གྱིས་སློབ་མ་ཁྲི་100རྒྱ་སྐྱེད་བསྡུ་ལེན་བྱས་ཡོད།

         ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྒྱལ་གཅེས་སྤྲོ་སེམས་ཆེས་ཆེར་འཕེལ་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་རླབས་པོ་ཆེར་བརྩོན་ལེན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱུང་ཡོད།

         ང་ཚོས་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ཞིང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་དང་། “སྤྱོད་ཚུལ་བཞི་”རྒྱུན་མཐུད་ངང་ཡོ་བསྲང་དང་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ཡོད།

         ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། “རྒྱུད་གཅིག་ལམ་གཅིག་”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་སོགས་བདག་རེས་ཀྱི་ཕྱི་འབྲེལ་བྱེད་སྒོ་གལ་ཆེན་བདེ་བླག་ངང་སྤེལ་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྒྱལ་ཁབ་མང་པོར་འཚམས་འདྲིར་ཕེབས་ཏེ། རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་དང་། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཕྲད། ཨེ་ཤ་ཡའི་རོགས་རེས་ཡིད་རྟོན་གྲོས་ཚོགས་ཀྱི་དབུ་ཚོགས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས། ཨེ་ཤ་ཡ་ཤར་མའི་མཉམ་ལས་འགོ་ཁྲིད་པའི་མུ་འབྲེལ་གྲོས་ཚོགས། ཀྲུང་གོ་དང་ཡོ་རོབ་ཀྱི་འགོ་ཁྲིད་པའི་མཇལ་འཕྲད། ཀྲུང་གོ་དང་ལྗར་པན་དང་ཁོ་རེ་ཡ་ལྷོ་མའི་འགོ་ཁྲིད་པའི་མཇལ་འཕྲད་སོགས་ཀྱི་བྱེད་སྒོ་གལ་ཆེན་ལ་ཞུགས་ཡོད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་སྐྲུན་དང་སྒྱུར་བཅོས་བྱེད་པའི་ནང་ཧུར་ཐག་གིས་ཞུགས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་ཞིང་། དཔལ་འབྱོར་ཕྱི་འབྲེལ་དང་མི་ཆོས་རིག་གནས་སྤེལ་རེས་ལ་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པ་དང་། ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གལ་ཆེན་བཞག་ཡོད།

འཐུས་མི་རྣམ་པ།

         ཏོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་སྟེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཡོད། ཏང་ཀྲུང་དབྱང་གི་འགོ་ཁྲིད་འོག  རིམས་ནད་ལ་ཁ་གཏད་འཇལ་བའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོ་ཆུང་གིས་དུས་ཐོག་ཏུ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། ཀྲུང་དབྱང་མཛུབ་སྟོན་ཚོ་ཆུང་གིས་མཛུབ་སྟོན་དང་ལྟ་སྐུལ་སློབ་སྟོན་བྱེད་ཤུགས་ཆེ་རུ་བཏང་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱིས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱས་པ་དང་། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་རང་འགན་གཙང་སྒྲུབ་བྱས་ཤིང་སྤྱི་ཚོགས་ཕྱོགས་སོ་སོས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མི་དམངས་དམག་འཐབ་དང་། སྤྱི་ཡོངས་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་བྱས་ཡོད། རྒྱ་ཆེའི་སྨན་དོན་མི་སྣས་དཔའ་ངར་ཆེན་པོས་འབད་འཐབ་དང་། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པས་འགན་འཁྲི་ལྗིད་པོ་འཁུར་ཕོད་པ། ཚན་རྩལ་ལས་སྒྲུབ་པས་མཉམ་དུ་འགག་གནད་སྒྲོལ་བ་བཅས་བྱས་ཡོད་ལ། སྡེ་ཁུལ་གྱི་ལས་སྒྲུབ་མི་སྣ་དང་། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། གཞི་རིམ་ལས་བྱེད་པ། གསར་འགྱུར་ལས་སྒྲུབ་པ། དང་བླངས་པ་བཅས་ཀྱིས་ལས་གནས་བརྟན་སྲུང་དང་། མྱུར་སྐྱེལ་དང་ཁོར་ཡུག་འཕྲོད་བསྟེན། རིམས་འགོག་དངོས་ཟོག་ཐོན་སྐྱེད་དང་སྐྱེལ་འདྲེན་བྱེད་པའི་མི་སྣ་བཅས་ཀྱིས་དཀའ་ངལ་ཁྱད་གསོད་བྱས་ཡོད། ངལ་རྩོལ་པ་དཀྱུས་མ་དུང་ཕྱུར་མང་པོས་ཁ་རོག་གེར་ལེགས་སྐྱེས་ཕུལ་བ་དང་། ཝུའུ་ཧན་མི་དམངས་དང་ཧུའུ་པེ་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་བྱས་ཤིང་། སྤྱི་ཚོགས་ལས་རིགས་ཁག་དང་། ཞང་ཀང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་སྤུན་ཟླ། ཕྱིར་སྡོད་རང་མི་བཅས་ཀྱིས་དངུལ་དང་དངོས་པོ་ཞལ་འདེབས་ཕུལ་ཡོད། ཀྲུང་ཧྭའི་བུ་ཕྲུག་གིས་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་ལྟ་སྐྱོང་བྱས་ནས་རིམས་ནད་འགོག་རྒོལ་བྱེད་པའི་བརྗིད་ཆེའི་ལྕགས་རི་བསྐྲུན་ཡོད།

         རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། ང་ཚོས་ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་འཁེལ་ཇུས་བསྟར་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་ལས་དོན་ཁག་དམ་འཛིན་ནན་མོ་དང་དམ་འཛིན་ཞིབ་ཚགས་བྱས་ཡོད། དུས་ཐོག་ཏུ་མྱུར་བསྟུན་བྱེད་ཐབས་སྤྱད་དེ་ཏོག་གསར་གློ་ཚད་ལ་འགོས་ནད་རིགས་ཀ་པའི་དོ་དམ་བྱས་པ་དང་། ས་གནས་ཁག་གིས་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་ཟློག་རིམ་དང་པོའི་འགོ་བརྩམས། ཝུའུ་ཧན་དང་ཧུའུ་པེ་སྲུང་སྐྱོབ་བྱེད་པའི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་མ་ཟད་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཀྱང་ཐོབ་ཡོད། དོ་དམ་ཚོད་འཛིན་ནན་པོ་བྱེད་ཐབས་འཕྲལ་ཐག་ཆོད་པོས་ལག་བསྟར་བྱེད་པ་དང་། རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རོགས་སྐྱོར་བྱེད་པ། སྨན་པ་དང་སྨན་ཞབས་པ་ཁྲི་4ལྷག་ཙམ་མྱུར་སྐྱོབ་བྱེད་པར་མངགས་པ། ཧུ་ཧྲེན་ཧྲན་དང་ལེ་ཧྲེན་ཧྲན་སྨན་ཁང་དང་སྒྲོམ་ཚང་སྨན་ཁང་འཛུགས་སྐྲུན་བྱེད་པ། ནད་པ་སྡུད་བཅོས་བྱེད་པའི་ཉལ་ཁྲི་མགྱོགས་མྱུར་ངང་ཇེ་མང་དུ་གཏོང་བ། སྨན་སྤྱོད་དངོས་རྫས་སྔོན་ལ་འགན་སྲུང་བྱེད་པ། ནད་བརྟག་སྨན་བཅོས་ཀྱི་ཇུས་གཞི་ཟམ་མི་འཆད་པར་ཇེ་ལེགས་སུ་གཏོང་བ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་པ། “གཅིག་བསྡུས་བཞི་”རྒྱུན་འཁྱོངས་བྱེད་པ་བཅས་ལ་བརྟེན་ནས། ནུས་ཤུགས་ཡོད་རྒུས་ནད་པ་སྐྱོབ་བཅོས་བྱས་ཤིང་། ཅི་ཐུབ་གང་ཐུབ་ཀྱི་སྒོ་ནས་ནད་སོས་ཚད་ཇེ་མཐོ་དང་ཤི་ཚད་ཇེ་དམའ་རུ་བཏང་ཡོད། རྒྱལ་ཡོངས་ཀྱི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་ཇེ་རིང་དུ་བཏང་ཞིང་། སློབ་འགོ་རྩོམ་པ་ཕྱིར་སྣུར་དང་། ལས་འགོ་བསྐྱར་ཚུགས་བབ་བསྟུན། ཕྱིར་སྐྱོད་པ་འཚང་ག་ལས་གཡལ་བ་བཅས་བྱས་ཡོད། མང་ཚོགས་ཀྱིས་སྔོན་འགོག་དང་ཚོད་འཛིན་བྱེད་པ་རྒྱུན་འཁྱོངས་དང་། “སྔ་ཙམ་བཞི་”རྒྱུན་འཁྱོངས། འགོས་ཁུངས་ཚོད་འཛིན་མཐའ་གཅིག་ཏུ་བྱེད་པ་བཅས་ཀྱིས་རིམས་ནད་མཆེད་པ་བཀག་འགོག་ནུས་ལྡན་བྱས་ཤིང་། སྨན་རྫས་དང་། འགོག་སྨན། ཞིབ་དཔྱད་ཚོད་ལྟའི་སྨན་རྫས་བཅས་ཞིབ་འཇུག་གསར་སྤེལ་བྱེད་པར་ཤུགས་བསྣན་ཡོད། སྨན་སྤྱོད་དངོས་རྫས་ཐོན་སྐྱེད་བྱེད་རྒྱ་གང་མགྱོགས་ཀྱིས་ཆེ་རུ་བཏང་བས། དུས་ཡུན་ཐུང་ངུའི་ནང་ཚད་མཐོན་པོས་འཕར་སྣོན་བྱུང་ཡོད། འཚོ་བའི་ཉེར་མཁོའི་དངོས་རྫས་མཁོ་སྤྲོད་འགན་སྲུང་དང་རིན་གོང་བརྟན་པོ་ཡོང་བ་དམ་འཛིན་ལེགས་པོ་བྱས་ཏེ། འགྲིམ་འགྲུལ་མ་ལམ་ཤར་གཏོང་དང་སོལ་གློག་སྣུམ་རླངས་བཅས་མཁོ་འདོན་བྱེད་པར་འགན་སྲུང་བྱས་ཤིང་། རིམས་ནད་ཀྱི་འགྱུར་ལྡོག་དང་བསྟུན་ནས་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་དུས་བསྟུན་སྐུལ་སྤེལ་བཏང་ཡོད། མངའ་ཁོངས་ཕྱི་རོལ་གྱི་རིམས་ནད་མཆེད་ཚུལ་ལ་དམིགས་ཏེ། ཕྱི་ནས་ནང་དུ་མཆེད་པ་འགོག་པའི་མ་ལག་དུས་ཐོག་ཏུ་བཙུགས་ཤིང་། མངའ་ཁོངས་ཕྱི་རོལ་གྱི་རང་རྒྱལ་སྤྱི་དམངས་ལ་ཐུགས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་གིས་སྤེལ་བ་དང་། ཡོངས་བསྒྲགས་དང་། ཁ་གསལ། འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་བཟུང་སྟེ། རིམས་ནད་ཀྱི་ཆ་འཕྲིན་དུས་ཐོག་ཏུ་བརྡ་ཁྱབ་བཏང་བ་དང་། རིམས་ཟོན་གྱི་ལག་རྩལ་དང་བྱེད་ཐབས་རང་འགུལ་ངང་མཉམ་སྤྱོད་ཀྱིས་ཕན་ཚུན་ལ་རོགས་རམ་བྱས་ནས་ཐུན་མོང་ངང་རིམས་ནད་ལ་འགོག་རྒོལ་བྱས་ཡོད།

         མི་གྲངས་དུང་ཕྱུར་14ཡོད་པའི་ང་ཚོ་ལྟ་བུའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ལ་མཚོན་ན། དུས་ཡུན་ཐུང་ངུའི་ནང་རིམས་ནད་ཚོད་འཛིན་ནུས་ལྡན་བྱས་ནས། མི་དམངས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པ་ནི་ཧ་ཅང་དཀའ་མོ་ཞིག་ཡིན་ལ། ང་ཚོས་ཀྱང་རིན་དོད་ཧ་ཅང་ཆེན་པོ་བཏང་ཡོད་དེ། དུས་ཚིགས་དང་པོའི་དཔལ་འབྱོར་ལྡོག་འཕར་བྱུང་བ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ལ་ཕོག་ཐུག་ཐེབས་ཡོད། འོན་ཀྱང་ཚེ་སྲོག་ནི་བླ་ན་མེད་པ་ཞིག་ཡིན་པས། འདི་ནི་ངེས་པར་དུ་ཐེག་དགོས་པ་ཞིག་ཡིན་ལ་གཏོང་འོས་པའི་རིན་དོད་ཅིག་ཀྱང་ཡིན། ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་འདོམས་ཀྱིས་སྐུལ་འདེད་བྱས་ཤིང་། གོ་སྐབས་མི་འཆོར་བར་ལས་ཐོན་བསྐྱར་ཚུགས་ལ་སྐུལ་འདེད་བཏང་བ་དང་། ཕྱོགས་8ཐད་ཀྱི་སྲིད་ཇུས་དང་བྱེད་ཐབས་ཁག་90བཏོན་ཏེ། ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་པོ་ཡོང་བར་བྱས་ལ། ཁྲལ་གྲོན་ཁག་ཅིག་ཆག་ཡང་དང་རྩ་ཆག་བཏང་བ་དང་། རིན་བསྡུའི་གཞུང་ལམ་གྱི་ཤར་བགྲོད་གྲོན་དངུལ་ཚང་མ་རྩ་ཆག་བཏང་ཡོད། ནུས་ཁུངས་སྤྱོད་པའི་མ་གནས་ཇེ་དམའ་རུ་བཏང་བ་དང་སྐྱེད་གསབ་དངུལ་བུན་བཀྲམས་ཡོད། གོ་རིམ་ལྟར་ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཚད་བཀག་གྲངས་བཅད་སྔ་སྣུར་གྱིས་གཤམ་སྤྲོད་བྱས་པ་དང་། དཔྱིད་རྨོས་ལ་འཐུས་ཤོར་མི་ཡོང་བ་བྱས་ལ། དབུལ་བྲལ་འགག་སྒྲོལ་ལ་སྐུལ་འདེད་ལྷོད་མེད་བཏང་ཡོད། རིམས་འགོག་ལས་ཡུལ་དང་པོ་དང་དཀའ་ངལ་ཡོད་པའི་མི་སྣར་གསབ་དངུལ་སྤྲད་པ་དང་། རིན་གོང་གི་གནས་སྐབས་ཁ་གསབ་ཀྱི་ཚད་གཞི་ལྡབ་1མཐོ་རུ་བཏང་ཡོད། སྲིད་ཇུས་འདི་དག་གིས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཕན་ཁེ་ཐོབ་པར་བྱས་ནས། འདོན་སྤྲོད་འགན་སྲུང་ངམ་རིན་གོང་བརྟན་པོ་ཡོང་བ་དང་ལས་ཐོན་བསྐྱར་ཚུགས་བྱེད་པར་དུས་ཐོག་ཏུ་སྐུལ་འདེད་ནུས་ལྡན་བཏང་བས། རང་རྒྱལ་གྱི་དཔལ་འབྱོར་ལ་སྟོབས་ལྡན་གྱི་ལྡེམ་ཤུགས་དང་བག་ཉལ་གྱི་ནུས་པ་ཆེན་པོ་མངོན་བཞིན་ཡོད།

【1】  【2】  【3】  【4】  【5】  【6】