འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་19ཉིན།

༄༅༎མཛེས་ལྗོངས་ཁུལ་ཆ་ཚང་རིན་མེད་ངང་སྒོ་ཕྱེ་བས་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཡུལ་སྐོར་ལས་རིགས་སླར་གསོ་བྱུང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་18ཉིན། 11:55】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཀྲུང་གོ་གསར་འགྱུར་ཁང་ལན་ཀྲོའུ་ནས་ཟླ་7ཚེས་16ཉིན་གློག་འཕྲིན་འབྱོར་གསལ། དབྱར་ཁ་ཤར་ཚུན་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་ཡུལ་སྐོར་ལས་རིགས་རིམ་བཞིན་སླར་གསོ་བྱུང་ཞིང་། ཀན་སུའུ་ཡི་ལྷོ་རྒྱུད་དུ་གནས་པའི་ཀན་ལྷོ་རུ་ཡུལ་སྐོར་བ་མང་བའི་དུས་ཚིགས་སླེབས་པས། རྩྭ་ཐང་གི་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ལྟ་བས་མི་ངོམ་པའི་མཛེས་ལྗོངས་དེ་ཉིད་རིམས་ནད་རྐྱེན་གྱིས་ཁྱིམ་དུ་བསྡད་དྲགས་པའི་ཡུལ་སྐོར་བའི་གདམ་ག་ཡག་ཤོས་སུ་གྱུར་ནས་ཐག་ཉེའི་སྒེར་འཁོར་བཏང་ནས་ཡུལ་སྐོར་བྱེད་མཁན་ཉིན་རེ་ལས་མ་འདས་པར་མང་དུ་འགྲོ་བཞིན་ཡོད་པ་རེད།
     ཀན་ལྷོའི་གཞུང་ཕྱོགས་ཀྱིས་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་ཡུལ་སྐོར་ཁྲོམ་ར་ཕྱོགས་ཡོངས་ནས་སླར་གསོ་ཡོང་བར་སྐུལ་འདེད་བཏང་བའི་ཁྲོད་ཀྲོའུ་ནང་ཁུལ་གྱི་མཛེས་ལྗོངས་ཁུལ་ཚང་མ་རིན་མེད་ངང་སྒོ་ཕྱེ་བའི་སྲིད་ཇུས་ལག་བསྟར་དང་གཙོ་གནད་མཛེས་ལྗོངས་ཁུལ་གྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཚུད་ཡོད་པ་རེད།
     “ཉིན་གསུམ་རིང་བླ་བྲང་བཀྲ་ཤིས་འཁྱིལ་དང་། སྟག་ཚང་ལྷ་མོ་དགོན། བྲག་སྒམ་ནང་བཅས་སུ་ཕྱིན་པ་ཡིན། འདི་གར་གཡའ་དག་པའི་ནམ་མཁའ་དང་། སྤྲིན་དཀར་པོ། ཞོགས་པའི་ཅོང་བརྡ་དང་དགོང་མོའི་དུང་བརྡ་སོགས་ལས་སེམས་པ་ལྷོད་ལ་བབས་ཀྱི་འདུག”ཅེས“ཀན་ལྷོའི་སྨོན་འདུན”ལ་ཡུལ་སྐོར་བྱེད་མཇུག་འགྲིལ་མ་ཐག་པའི་ལན་ཀྲོའུ་ཡི་བུ་མོ་ཀུའོ་ཞུའེ་ཡིས་ཚེས་16ཉིན་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད་པ་དང་། ཁོང་གིས་དེ་སྔོན་དགུང་གསེང་ལ་པཱ་ལི་གླིང་ཕྲན་དང་ཆིང་མའེ་སོགས་ཕྱི་རྒྱལ་དུ་ཡུལ་སྐོར་ལ་འགྲོ་རྒྱུ་ཁོ་ནའི་འཆར་གཞི་བཏིང་ནས་སྡོད་ཀྱི་ཡོད། རིམས་ནད་ཐོན་རྗེས་ལྟ་ན་སྡུག་པའི་མཛེས་ལྗོངས་ལ་ང་རང་སྡོད་ས་ནས་ཆུ་ཚོད་གསུམ་གྱི་ལམ་ཐག་ལས་སྐྱོད་དགོས་ཀྱི་མེད་པ་ཤེས་བྱུང་ཞེས་བཤད།
     ཁྲེང་ཏུའུ་ཡི་ཡུལ་སྐོར་བ་ཀྲང་ཤང་རྒན་ཡོལ་ཞུས་རྗེས་གྲོགས་པོ་དང་མཉམ་དུ་ཁང་འཁོར་ཡུལ་སྐོར་བྱེད་འགོ་ཚུགས་ཤིང་། ཉེ་དུས་ཁོང་ཚོ་བྲག་སྒམ་ནང་དུ་སླེབས་པ་དང་རླངས་འཁོར་གྱི་ཕྱི་རུ་ཐབ་བཙུགས་ཏེ་ཚལ་བཟོས་པ་མ་ཟད། དྲ་ཐོག་ཐད་གཏོང་བྱས་ནས་ཧྥེན་སི་ཁྲི་48ཀྱིས་དྲ་ཐོག་ནས་མཛེས་སྡུག་ཡིད་དུ་འོང་བའི་ཀན་ལྷོར་ལྟ་རྒྱུ་བྱུང་ཡོད། “ལྟ་བས་མི་ངོམས་ལྷ་ཡི་ཡུལ། ཡིད་སྨོན་འཆོར་སའི་ཡུལ་དེའོ”ཞེས་པ་དང“ཕག་ཤ་དང་གྲོ་ལོ་ས་འཛིན་རྡོག་བཙོས་བརྒྱབ་པ་ཟ་འདོད་ཆེན་པོ་འདུག”ཅེས་པ་སོགས་དྲ་གྲོགས་ཚོས་ལན་མང་པོ་བཞག་ཡོད་པ་རེད།
     ཀན་ལྷོ་ཐེ་བོ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་ལི་ཀྲི་ཡིས་ངོ་སྤྲོད་བྱས་དོན། སྔོན་མ་ཡུལ་སྐོར་བ་མང་བའི་སྐབས་སུ“ཉལ་ཁྲི་གཅིག་ཀྱང་རག་ཁག་པའི”གནས་ཚུལ་དང་བསྡུར་ན་འདི་ལོ་ཡུལ་སྐོར་བ་ཕྱེད་ཀ་ཙམ་ཉུང་དུ་ཕྱིན་པས། མཛེས་ལྗོངས་ཁུལ་དུ་བང་སྒྲིག་དགོས་མེད་སྟབས། ལྷོད་ལྷོད་ངང་ཡུལ་དེའི་ཁྱད་ཆོས་དང་དུས་ཚིགས་བཟང་པོ་མྱོང་རོལ་བྱེད་ཆོག དབྱར་ཁ་ཤར་རྗེས་དེ་གར་ཡུལ་སྐོར་བྱེད་མཁན་རིམ་གྱིས་མང་དུ་ཕྱིན་ཞིང་། ལྔ་པའི་ཚེས་ལྔའི་དུས་ཆེན་ཉིན་བྲག་སྒམ་ནང་ཁོ་ནར་ཡུལ་སྐོར་བ་མི་ཐེངས་3500ལྷག་ཙམ་ཟིན་ཡོད་ཅེས་ངོ་སྤྲོད་བྱས།
     ཀན་ལྷོ་ཀྲོའུ་རིག་གནས་ཡུལ་སྐོར་ཅུས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། 2020ལོའི་ལོ་སྟོད་དུ་ཀྲོའུ་དེས་ཡུལ་སྐོར་བ་མི་ཐེངས་ཁྲི་118ལྷག་ཙམ་ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་མི་དམངས་ཤོག་སྒོར་དུང་ཕྱུར་6ལྷག་ཙམ་བྱུང་བ་རེད།