འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་4ཉིན།

༄༅།།བོད་ཁྱིམ་གྱི་སྐྱ་ནམ་རྒྱས་པའི་འཚོ་བ།

—— བདེ་ཆེན་དབང་མོས་མི་རབས་གསུམ་གྱི་ཁྱིམ་ཚང་མགྲོན་ཁང་གི་སྐོར་གླེང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་04ཉིན། 11:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་རྒུ་ཤང་ཀ་གནམ་གྲོང་ཚོར་ཞོགས་པའི་ཉི་གཞོན་འཕྲོས་མ་ཐག་མཛེས་ཤིང་ཡིད་དུ་འོང་བའི་ཀ་གནམ་མཚེའུ་ཉི་འོད་འོག་དབེན་འཇམ་མཚར་སྡུག་དང་ལྡན། ཀ་གནམ་མཚེའུའི་ངོགས་སུ་ཆགས་པའི་བདེ་ཆེན་དབང་མོའི་ཁྱིམ་ཚང་མགྲོན་ཁང་གི་སྒེའུ་ཁུང་ནས་ལྟ་སྐབས་ལྷད་མེད་དྭངས་གཙང་གི་གངས་རི་དང་སྔོ་ཐིང་ཐིང་གི་སྤང་ལྗོངས་མཐོང་རྒྱུ་ཡོད་ལ། ཕྱོགས་བཞི་མཚམས་བརྒྱད་ནས་ཁམ་བུའི་མེ་ཏོག་གི་དྲི་ཞིམ་ཡང་ཡང་འཐུལ།
    བོད་བཟོའི་སྡོད་ཁང་གྲལ་སྟར་སྒྲིག་པོས་ཆགས་ཤིང་། དེ་གར་མགྲོན་ཁང་དང་། ཟ་ཁང་། རོལ་རྩེད་ཁང་བཅས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་པོ་འདུག དེ་ནི་སྤོ་བོ་རྫོང་རྒུ་ཤང་ཀ་གནམ་གྲོང་ཚོའི་བདེ་ཆེན་དབང་མོའི་ཁྱིམ་ཚང་མགྲོན་ཁང་རེད།
   འདི་ལོ་ལོ་35ལ་སླེབས་པའི་བདེ་ཆེན་དབང་མོས་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་བྱས་ནས་ལོ་15སོང་ཡོད། ཁོང་ཁྱིམ་གྱི་སྒོ་རའི་ནང་དུས་སྐབས་མི་འདྲ་བར་བསྐྲུན་པའི་སྡོད་ཁང་སྟར་པ་གསུམ་ཡོད་པ་དེ་དག་ལས་མི་རབས་གསུམ་གྱིས་གཉེར་བའི་ཁྱིམ་ཚང་མགྲོན་ཁང་གི་གཏམ་རྒྱུད་མཚོན།
   ལོ་བཅུ་ལྷག་ཙམ་གྱི་གོང་དུ་ཁྲོན་བོད་གཞུང་ལམ་ནི་རྡོག་ཁྲེས་འཁུར་ནས་ཡུལ་སྐོར་དུ་ཡོང་མཁན་ཚོར་མཚོན་ན་རང་བྱུང་བཙན་འགག་ཅིག་ཡིན་པ་དང་། སྐབས་དེ་དུས་བོད་སྐྱོད་ཡུལ་སྐོར་ལས་རིགས་དར་མ་ཐག་ཡིན་པས། རྒྱལ་ལམ་318ཐོག་འགྲོ་འོང་བྱེད་མཁན་ཡུལ་སྐོར་བ་བར་མེད་ཡོད། སྤོ་བོ་རྫོང་དུ་སླེབས་སྐབས་དེ་གར་ཆུ་མོ་དྭངས་ཤིང་གསོན་ཤུགས་རབ་ཏུ་རྒྱས་པ་ཞིག་ཡོད་པས་ཡུལ་སྐོར་བས་ཉིན་ཤས་ངལ་གསོས་ཚེ་ལམ་བར་གྱི་ངལ་དུབ་སེལ་ཐུབ་པ་མ་ཟད་བོད་ཁྱིམ་གྱི་ཡུལ་སྲོལ་གོམས་གཤིས་ཀྱང་ཉམས་ལེན་ཐུབ་ཀྱི་ཡོད།
   དེ་ལྟར་ཀ་གནམ་གྲོང་ཚོར་རྐང་ཐང་མར་འགྲོ་མཁན་དང་རྡོག་ཁྲེས་འཁུར་ནས་ཡུལ་སྐོར་དུ་འགྲོ་མཁན་མང་པོ་ཡོད། ཀོང་ཏུང་གི་བོད་སྐྱོར་ལས་བྱེད་པའི་རོགས་རམ་འོག་བདེ་ཆེན་དབང་མོའི་ཁྱིམ་གྱིས་ཁང་པ་ལྷག་མ་རྣམས་ཁྱིམ་ཚང་མགྲོན་ཁང་དུ་སྒྱུར་བཀོད་བྱས་ཏེ་གྲོང་ཚོའི་ནང་གི་ཁྱིམ་ཚང་མགྲོན་ཁང་དང་པོ་དེ་བཙུགས། དེ་རྗེས་བདེ་ཆེན་དབང་མོའི་ཁྱིམ་གྱིས་སླར་ཡང་ཁང་པ་གསར་པ་ཞིག་བརྒྱབ་ནས་ཡུལ་སྐོར་བར་སྣེ་ལེན་བྱས་པ་རེད།
   ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་སྤུས་རྟགས་ཀྱི་ཕན་འབྲས་དང་སྤོ་བོའི་ཁམ་བུའི་མེ་ཏོག་གི་སྐད་གྲགས་ཆོད་ཚད་མཐོ་རུ་འགྲོ་བ་དང་བསྟུན་ནས། ཡུལ་སྐོར་བ་མང་པོ་ཞིག་ཀ་གནམ་གྲོང་ཚོར་ཡོང་གི་ཡོད། 2019ལོར་བདེ་ཆེན་དབང་མོའི་ཁྱིམ་གྱི་མི་རབས་གསུམ་པའི་ཁྱིམ་ཚང་མགྲོན་ཁང་དངོས་སུ་གཉེར་འགོ་བཙུགས་པར་ཡོང་འབབ་སྒོར་ཁྲི་36བྱུང་ཡོད།
   ཕྱུག་འགྱུར་གྱི་ཐབས་ལམ་སྐོར་གླེང་སྐབས་བདེ་ཆེན་དབང་མོས“ངའི་མགྲོན་ཁང་ལ་མི་རིགས་ཀྱི་ཉམས་འགྱུར་དང་རིག་གནས་ཀྱི་སྙིང་དོན་ལྡན་པས། དེ་གར་སྡོད་མཁན་ཡུལ་སྐོར་བ་ཚང་མ་བློ་ཡིད་ཚིམ་པོ་ཡོང་གི་འདུག”ཅེས་བཤད།
   བདེ་ཆེན་དབང་མོས“ཡུལ་སྐོར་བས་ཁོར་ཡུག་འདི་འདྲའི་འོག་ཀོང་པོའི་ཡུལ་སྲོལ་གོམས་གཤིས་ཉམས་ལེན་བྱས་རྗེས་མང་ཚོགས་ཀྱི་འཚོ་བར་བྱུང་བའི་འཕོ་འགྱུར་ཤེས་རྟོགས་རགས་ཙམ་ཐུབ་ཀྱི་ཡོད། ངས་ཡུལ་སྐོར་བར་ཞོ་བསྙོལ་སྟངས་སོགས་བསླབས་ཏེ་བོད་རིགས་ཀྱི་བཟའ་བཏུང་རིག་གནས་དར་སྤེལ་གཏོང་རྩིས་ཡོད”ཅེས་བཤད།
   ད་ཆ་མང་ཚོགས་ཀྱི་མགྲོན་ཁང་གཞི་རྟེན་དུ་བྱས་པའི་གྲོང་གསེབ་ཡུལ་སྐོར་གྱིས་ཉིང་ཁྲིའི་དེང་དུས་ཞབས་ཞུའི་ཐོན་ལས་ཀྱི་གནམ་ས་བཏོད་ཅིང་། མིག་སྔར་ཉིང་ཁྲི་གྲོང་ཁྱེར་གྱི་ཁྱིམ་ཚང་མགྲོན་ཁང་གི་གྲངས་འབོར་638ཟིན་པ་དང་། མི་6800ཁྱིམ་ཚང་མགྲོན་ཁང་གི་ཡུལ་སྐོར་ཞབས་ཞུར་ཞུགས་པར་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་8000ལྷག་ཙམ་ཟིན་ཡོད།