འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་4ཉིན།

༄༅།།ཇོ་མོ་གླང་མར་འཛེག་མཁན་ལི་ཧྥུའུ་ཆིང་གིས་བརྗོད་དོན། མེས་རྒྱལ་ནི་ནམ་ཡང་ངའི་བློ་གཏད་བཅོལ་ས་ཡིན།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་04ཉིན། 11:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་2ཉིན་གནས་ཚུལ་འབྱོར་གསལ། གལ་ཏེ་རི་འཛེག་གི་མཐོ་ཚད་དེ་མི་ཞིག་གི་འཇོན་ཐང་ཚད་གཞིར་བརྩིས་ན། ཁོང་ནི་འཇོན་ཐང་ཆེ་ཤོས་ཀྱི་མི་ཞིག་ཡིན་པ་སྨོས་མེད་ལགས། ཁོང་གིས་དེ་གོང་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མ་ཐེངས་མང་འཛེགས་མྱོང་ཡོད།
   འདི་ལོའི་ཟླ་5ཚེས་27ཉིན་གྱི་ཆུ་ཚོད་11ཙམ་ལ་2020ལོའི་ཇོ་མོ་གླང་མའི་མཐོ་ཚད་ཞིབ་དཔྱད་ཚད་ལེན་གྱི་རི་འཛེག་རུ་ཁག་ཇོ་མོ་གླང་མའི་ལ་རྩེར་འཛེགས་ཐུབ་པ་དང་ལི་ཧྥུའུ་ཆིང་ནི་རུ་མི་བརྒྱད་ཀྱི་གྲས་ཤིག་ཡིན།
   2007ལོ་དང་2008ལོར་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་མོ་གླང་མར་བརྒྱུད་སྤྲོད་བྱེད་པའི་ཚོད་ལྟ་དང་དེ་བཞིན་བྱེད་སྒོར་ཞུགས་པར་བརྟེན། ལི་ཧྥུའུ་ཆིང་ཇོ་མོ་གླང་མར་ཐེངས་གཉིས་འཛེགས་མྱོང་བ་དང་2008ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་མོ་གླང་མར་བརྒྱུད་སྤྲོད་བྱེད་པའི་རི་འཛེག་རུ་ཁག་གི་རུ་མིར་གྱུར།
    ལོ་44ལ་སླེབས་པའི་ལི་ཧྥུའུ་ཆིང་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུད་རིགས་དང་ཧོར་རིགས་རང་སྐྱོང་རྫོང་གི་ཅིང་དབྱང་གྲོང་རྡལ་ནས་ཡིན་པ་དང་ཆུང་དུས་ནས་གྲུང་ཤ་དོད་ལ་ལུས་རྩལ་ལ་དགའ་བས་ལན་ཆིའུ་སྤོ་ལོ་དང་རྐང་རྩེད་སྤོ་ལོ་རྒྱག་རྒྱུར་ཧ་ཅང་དགའ་པོ་ཡོད་པ་རེད། དུས་རབས་20པའི་ལོ་རབས་90པར་ཁོང་སྔ་རྗེས་སུ་ཏ་ཐུང་ལས་ཞོར་ལུས་རྩལ་སློབ་གྲྭ་དང་མཚོ་སྔོན་ལུས་རྩལ་ལས་དོན་རུ་ཆེན་དང་པོར་འདུར་རྒྱུག་འགྲན་བསྡུར་རྣམ་གྲངས་ཀྱི་སྦྱོང་བརྡར་ནང་ཞུགས་པ་དང་ཕྱིས་སུ་ཁོང་མར་སུན་འགྲན་རྒྱུག་རྣམ་གྲངས་ནང་ཞུགས།
   2002ལོར་སྟེས་དབང་གི་གོ་སྐབས་ཤིག་ལས་ལི་ཧྥུའུ་ཆིང་ཀྲུང་གོའི་རི་འཛེག་རུ་ཁག་དང་མཉམ་དུ་མཚོ་སྔོན་གྱི་གཡུ་འབྲུག་རི་བོར་འཛེགས། ས་བབ་མཐོ་ཚད་སྨི་6178ཡོད་པའི་གཡུ་འབྲུག་རི་བོ་ནི་ཁུ་ནུ་རི་བོའི་ཤར་རྒྱུད་ཀྱི་རི་བོ་མཐོ་ཤོས་དེ་ཡིན་པ་དང་ཀྲུང་གོའི་དམངས་སྲོལ་གྱི་རི་འཛེག་དར་ས་ཞིག་རེད། 2002ལོའི་ཟླ་10པར་ཁོང་ཀྲུང་གོའི་རི་འཛེག་རུ་ཁག་ནང་དངོས་སུ་ཞུགས།
   འདི་ལོའི་ཟླ་4ཚེས་10ཉིན་རི་འཛེག་རུ་ཁག་ཇོ་མོ་གླང་མའི་སྒར་ས་ཆེ་མོར་འབྱོར་བ་དང་ཁ་བ་བུ་ཡུག་གི་གནམ་གཤིས་ལས་རི་འཛེག་རུ་ཁག་གིས་སྔོན་གཏན་འཁེལ་བའི་ཟླ་5ཚེས་12ནས་22ཉིན་བར་ལ་རྩེར་འཛེགས་པའི་འཆར་གཞི་ཐེངས་གཉིས་ནར་འགྱངས་བྱེད་དགོས་བྱུང་ཡོད། དེའི་ཁྲོད་ཐེངས་གཅིག་ཁོང་ཚོ་ས་བབ་མཐོ་ཚད་སྨི་7790ཡི་སར་སླེབས་ཀྱང་གནམ་གཤིས་ཀྱིས་རྐྱེན་པས་ཕྱིར་ལོག་དགོས་བྱུང་ཡོད།
   “རྒྱབ་ཕྱོགས་དང་། སྐྱེལ་འདྲེན། ལམ་བཟོ། སྒར་ས་རྒྱག་པ་བཅས་ཚང་མར་རི་འཛེག་གི་ཚོགས་པའི་སྙིང་སྟོབས་ལྡན་དགོས། ནང་མིས་རང་ཉིད་ལ་རྒྱབ་སྐྱོར་བྱེད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་རྒྱལ་ཁབ་སྟོབས་ཆེན་ལ་དེ་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མེས་རྒྱལ་ནི་ནམ་ཡང་ངའི་བློ་གཏད་བཅོལ་ས་ཡིན”ཞེས་ལི་ཧྥུའུ་ཆིང་གིས་བཤད།