འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་3ཉིན།

༄༅༎སི་ཁྲོན་ལེའང་ཧྲན་མན་ཉིང་གི་ཆེས་ཆེ་བའི་དྲག་ཆར་གྱི་གནོད་འཚེའི་ཁྲོད་མི་16རྐྱེན་ལམ་དུ་ཤོར་བ་དང་མི་6གར་སོང་ཆ་མེད་དུ་གྱུར་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་03ཉིན། 12:47】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། མན་ཉིང་གིས་གནས་ཚུལ་གསར་པ་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ་7ཚེས་2ཉིན། ས་གནས་དེ་གས་མུ་མཐུད་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ“6•26”ཆེས་ཆེ་བའི་དྲག་ཆར་གྱི་གནོད་འཚེའི་མྱུར་སྐྱོབ་གེགས་སེལ་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག རྨང་གཞིའི་སྒྲིག་བཀོད་མྱུར་བཟོ་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བཞིན་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་7ཚེས་2ཉིན་གྱི་ཆུ་ཚོད་17བར་འཚོལ་སྐྱོབ་ནང་དབྱི་ཧའེ་གྲོང་རྡལ་གྱི་གར་སོང་ཆ་མེད་དུ་འགྱུར་བའི་མི་2རྐྱེན་ལམ་དུ་ཤོར་བ་ཤེས་རྟོགས་བྱུང་བ་རེད། མིག་སྔར་དབྱི་ཧའེ་གྲོང་རྡལ་གྱི་མི་14རྐྱེན་ལམ་དུ་ཤོར་བ་དང་མི་3གར་སོང་ཆ་མེད་དུ་འགྱུར་ཡོད། ཀའོ་དབྱང་ཁྲོམ་གཞུང་ཁོངས་གཏོགས་ཀྱི་མན་ཉིང་མྱུར་བགྲོད་གཞུང་ལམ་གྱི་ལམ་ཁའི་འོག་གི་རྒྱལ་ལམ་248ལམ་རྒྱུད་གས་རྡིབ་བྱུང་ནས་འགྲོ་འོང་བྱེད་མཁན་རླངས་འཁོར་གཉིས་གཙང་པོའི་ནང་ལྷུངས་པ་རེད། རླངས་འཁོར་ནང་ཡོད་པའི་མི་10ཡི་ནང་མི་5བསྐྱབས་ཐུབ་པ་དང་། མི་2རྐྱེན་ལམ་དུ་ཤོར་བ། མི་3གར་སོང་ཆ་མེད་དུ་འགྱུར་བ་རེད། ད་ཐེངས་ཀྱི་ཆེས་ཆེ་བའི་དྲག་ཆར་ནང་མི་16རྐྱེན་ལམ་དུ་ཤོར་བ་དང་མི་6གར་སོང་ཆ་མེད་དུ་འགྱུར་ཡོད།
     ཟླ་7ཚེས་2ཉིན། དབྱི་ཧའེ་གྲོང་རྡལ་གྱིས་སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་དང་། མེ་ཟོན་རུ་མི། མེ་གསོད་རུ་མི། ཡུལ་དམག སྨན་བཅོས་རོགས་སྐྱོབ་རུ་མི། ཤང་དང་གྲོང་རྡལ། གྲོང་ཚོ། ཚོགས་ཆུང་བཅས་ཀྱི་ལས་བྱེད་པ་སོགས་ཁྱོན་མི་450ལྷག་ཙམ་སྒྲིག་འཛུགས་བྱས་ནས་མེ་གསོད་རླངས་འཁོར་དང་།  རྐོ་འདྲུ་འཕྲུལ་འཁོར། ཉེན་སྐྱོབ་རླངས་འཁོར་སོགས་ཁྱོན་རླངས་འཁོར་59བཏང་ནས་ཉེན་སེལ་གེགས་སེལ་ཀྱི་འབྲེལ་ཡོད་ལས་དོན་སྤེལ་ཡོད་པ་རེད། ཆུ་ལམ་སྤྱི་ལེ་0.18བཤངས་ཡོད། ཏ་མཱ་ཨུ་གྲོང་ཚོའི་ཐའེ་ཆུས་4པ་དང་5པར་གློག་གཏོང་སླར་གསོ་བྱུང་ཡོད། གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་གེགས་སེལ་གུར་83ནང་གློག་སྒྲིག་སྦྱོར་བྱས་པ་དང་འབྲེལ་གཅིག་སྡུད་གློག་གསོག་པང་ལེབ་དང་ཆུ་སྐོལ་བའི་ཆེད་སྤྱོད་གློག་སྐུད་སྒྲིག་སྦྱོར་བྱས་ཡོད།
     ཀའོ་དབྱང་ཁྲོམ་གཞུང་གིས་ཡུལ་དམག་དང་། ཁྲོམ་གཞུང་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པ། ཁེ་ལས་ཀྱི་ལས་བཟོ་སོགས་ཁྱོན་བསྡོམས་མི140ལྷག་ཙམ་སྒྲིག་འཛུགས་བྱས་པ་དང་། གློག་ཆེན་གཏོང་བའི་རླངས་འཁོར་དང་། རྐོ་འདྲུའི་འཕྲུལ་འཁོར། ཉེན་སྐྱོབ་རླངས་འཁོར་སོགས་ཁྱོན་རླངས་འཁོར་37བཏང་ནས་ཉེན་སེལ་གེགས་སེལ་གྱི་འབྲེལ་ཡོད་ལས་དོན་མུ་མཐུད་སྤེལ་ཡོད་པ་རེད།