མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བཞི་པ་གཙོ་སྐྱོང་
གནང་སྐབས། སྒྱུར་བཅོས་ལ་བརྟེན་པ་དང་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རྣམ་པ་གསར་འབྱེད་བཅས་བྱས་ཐོག་འགག་
རྩ་དམ་བཟུང་དང་འཚོལ་ཞིབ་ལ་སྐུལ་འདེད་བཏང་སྟེ་ཕན་འབྲས་དངོས་ཐོན་པར་བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་02ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ■ “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་རྒྱལ་ཁའི་ངང་ལེགས་པར་སྒྲུབ་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་བཅས་བྱས་ཏེ། དུས་བབ་དང་བསྟུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སྐྱོད་པར། ངེས་པར་དུ་སྒྱུར་བཅོས་ཀྱི་ཚད་བརྒལ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་པ་དང་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རྣམ་པ་གསར་འབྱེད་བཅས་བྱས་ཐོག དམིགས་ཚད་སྣེ་འདྲེན་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། བབ་བསྟུན་སྔོན་གྲབས་དང་ནུས་ཤུགས་གསོག་འཇོག་བྱེད་མཁས་པོ་བྱེད་དགོས་ལ། འགྱུར་རྟོགས་དང་། འགྱུར་རེ། འགྱུར་བསྟུན་བཅས་བྱེད་མཁས་པོའང་བྱེད་པ། འགག་རྩ་དམ་བཟུང་དང་འཚོལ་ཞིབ་ལ་སྐུལ་འདེད་བཏང་སྟེ་སྒྱུར་བཅོས་ལ་ཕན་འབྲས་དངོས་ཐོན་པར་བྱེད་པ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་སྔར་བས་ཡག་པོ་ཞུ་རྒྱུར་སྐུལ་འདེད་གཏོང་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་30ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་བཞི་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་རྒྱལ་ཁའི་ངང་ལེགས་པར་སྒྲུབ་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་བཅས་བྱས་ཏེ། དུས་བབ་དང་བསྟུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སྐྱོད་པར། ངེས་པར་དུ་སྒྱུར་བཅོས་ཀྱི་ཚད་བརྒལ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་པ་དང་། འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རྣམ་པ་གསར་འབྱེད་བཅས་བྱས་ཐོག དམིགས་ཚད་སྣེ་འདྲེན་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། བབ་བསྟུན་སྔོན་གྲབས་དང་ནུས་ཤུགས་གསོག་འཇོག་བྱེད་མཁས་པོ་བྱེད་དགོས་ལ། འགྱུར་རྟོགས་དང་། འགྱུར་རེ། འགྱུར་བསྟུན་བཅས་བྱེད་མཁས་པོའང་བྱེད་པ། འགག་རྩ་དམ་བཟུང་དང་འཚོལ་ཞིབ་ལ་སྐུལ་འདེད་བཏང་སྟེ་སྒྱུར་བཅོས་ལ་ཕན་འབྲས་དངོས་ཐོན་པར་བྱེད་པ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་སྔར་བས་ཡག་པོ་ཞུ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་ཝང་ཧུའུ་ཉིང་ཚོགས་འདུར་ཕེབས་པ་རེད།
     ཚོགས་འདུའི་ཐོག《གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི(2020ལོ་ནས་2022ལོ་བར)》དང་། 《དུས་རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་བཟོ་སྐྲུན་ལས་རིགས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》 《གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཚོད་ལྟའི་ཇུས་གཞི》 《སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》 《དུས་རབས་གསར་པའི་སློབ་གསོའི་གདེང་འཇོག་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྤྱིའི་ཇུས་གཞི》 《གཞུང་ཁོངས་རིག་རྩལ་ཁང་དང་ཚོགས་པའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཅས་ལ་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་ཡང་བྱུང་ཡོད། ཚོགས་འདུའི་ཐོག་ད་དུང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་སྲོལ་སྒྱུར་བཅོས་བྱ་རིམ་སྐོར་གྱི་སྙན་སེང་འང་ཉན་པ་རེད།
     ཚོགས་འདུའི་ཐོག་གཞུང་ཁོངས་ཁེ་ལས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་རྨང་གཞི་དང་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་ཞིག་དང་ཏང་གི་སྲིད་འཛིན་རྒྱལ་དར་གྱི་ཀ་རྟེན་དང་རྒྱབ་རྟེན་སྟོབས་ཤུགས་གལ་ཆེན་ཞིག་རེད། ད་རེས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་རིང་གཞུང་ཁོངས་ཁེ་ལས་ཀྱིས་ཁུར་པོ་ལྕི་པོ་ཁུར་སྟེ། བབ་བསྟུན་མཁོ་སྤྲོད་དང་། སྨན་བཅོས་རོགས་སྐྱོར། ལས་འགོ་བསྐྱར་འཛུགས། ཐོན་སྐྱེད་སླར་གསོ། ཐོན་ལས་དང་མཁོ་སྤྲོད་ཀྱི་སྦྲེལ་ཐག་བརྟན་གཏོང་སོགས་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། སླད་ཕྱིན་ལོ་གསུམ་ནི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་འགག་རྩའི་དུས་མཚམས་ཡིན་པས། གཞུང་ཁོངས་ཁེ་ལས་ལ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྱུར་བཅོས་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། གཙོ་གནད་ལ་དམ་འཛིན་དང་། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ། གཞུང་ཁོངས་དཔལ་འབྱོར་བཀོད་ཇུས་ལེགས་སུ་དང་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་གཞུང་ཁོངས་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་དང་། གསར་གཏོད་ནུས་པ། ཚོད་འཛིན་ནུས་པ། ཤུགས་རྐྱེན་ཐེབས་ནུས། ཉེན་ཁ་འགོག་ནུས་བཅས་ཆེ་རུ་གཏོང་དགོས་ཞེས་བསྟན་པ་རེད།
     ཚོགས་འདུའི་ཐོག་དུས་རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་བཟོ་སྐྲུན་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་ཤིང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་འཕེལ་ཕྱོགས་དང་བསྟུན་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱེད་པ་དང་རིག་ནུས་བཟོ་སྐྲུན་གཙོ་རྒོལ་གྱི་ཁ་ཕྱོགས་གཙོ་བོར་བཟུང་སྟེ། བཟོ་ལས་དྲ་སྦྲེལ་གསར་གཏོད་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་ཁེ་ལས་ཀྱི་རྣམ་པའི་རྩ་བའི་རང་བཞིན་གྱི་འཕོ་འགྱུར་ཇེ་མགྱོགས་སུ་གཏོང་བ། མཉམ་འདྲེས་འཕེལ་རྒྱས་ཀྱི་རྨང་གཞིའི་འདེགས་སྐྱོར་སྲ་བརྟན་དུ་གཏོང་བ། བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། བཟོ་སྐྲུན་ལས་རིགས་ཀྱི་གྲངས་འཛིན་ཅན་དང་། དྲ་སྦྲེལ་ཅན། རིག་ནུས་ཅན་བཅས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།
     ཚོགས་འདུའི་ཐོག་གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་དགོས་ཤིང་། ཁང་ས་སྤྱི་ལ་དབང་བའི་དབང་ཆ་དོན་འཁྱོལ་བྱེད་པ་དང་། ཞིང་པའི་ཁང་སའི་ཐོབ་ཐང་དབང་ཆ་དང་ཞིང་པའི་ཁང་པའི་རྒྱུ་ནོར་དབང་ཆ་འགན་ལེན་བྱེད་པ། ཁང་ས་དང་ཞིང་པའི་སྡོད་ཁང་བེད་སྤྱོད་དབང་ཆ་ལྷུག་གཏོང་འོས་འཚམ་བྱེད་པ་བཅས་ཀྱི་ཞིབ་ཕྲའི་ཐབས་ལམ་དང་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱེད་པ་དང་ཆབས་ཅིག ས་ཆ་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་ངོ་བོ་མི་འགྱུར་བ་དང་། རྨོ་ཞིང་གི་དམར་ཐིག་ལས་མི་བརྒལ་བ། ཞིང་པའི་ཁེ་ཕན་ལ་གནོད་འཚེ་མི་ཕོག་པ་བཅས་མཐའ་ཚད་གསུམ་མཐའ་གཅིག་ཏུ་བསྲུངས་ཏེ་ཞིང་པའི་ཁེ་དབང་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་ཡོང་བ་བྱེད་དགོས་ཞེས་བསྟན་པ་རེད།

  
style="display:none;"