མི་དམངས་དྲ་བ།

༄༅༎རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པའི་ཐོག 
ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བཅའ་ཁྲིམས་ལ་བརྡས་ཐག་བཅད་ནས་གྲོས་
འཆམ་བྱུང་བ། ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་ནས་ཁྱབ་བསྒྲགས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་02ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་30ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉི་ཤུ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། མཇུག་འགྲིལ་ཚོགས་འདུ་བཅས་འཚོགས་པ་རེད། ཚོགས་འདུའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བཅའ་ཁྲིམས》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་49པར་མཚན་རྟགས་བཀོད་ནས་ཁྱབ་བསྒྲགས་གནང་བ་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་ཁྲིམས་སྲོལ་གྱི་ཞར་བྱུང་ཡིག་ཆ་གསུམ་པའི་ནང་འཁོད་པའི་རྒྱལ་ཡོངས་རང་བཞིན་གྱི་བཅའ་ཁྲིམས་ལ་ཁ་སྣོན་རྒྱག་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། ཚོགས་འདུའི་ཐོག་ཧུའུ་ཙེ་ཅུན་གྱི་རྩིས་བཤེར་ཧྲུའུ་ཡི་རྩིས་བཤེར་དཔོན་གྱི་གོ་གནས་ཕྱིར་འཐེན་བྱས་ནས་ཧོའུ་ཁའེ་རྩིས་བཤེར་ཧྲུའུ་ཡི་རྩིས་བཤེར་དཔོན་ལ་བསྐོ་གཞག་བྱ་རྒྱུའི་གཏན་འབེབས་བྱས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང་50པར་མཚན་རྟགས་བཀོད་ནས་བསྐོ་འཐེན་གནང་བ་རེད། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཚོགས་འདུར་ཞུགས་པ་རེད།
     ཚེས་30ཉིན་གྱི་སྔ་དྲོ། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉི་ཤུ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ་རེད། རྒྱུན་ལས་ཨུ་ལྷན་གྱི་གྲུབ་ཆའི་མི་སྣ་162ཚོགས་འདུར་ཕེབས་པ་དང་ཕེབས་པའི་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བཅའ་ཁྲིམས》ལ་འདེམས་ཤོག་ཆ་ཚང་ཐོབ་ནས་གྲོས་འཆམ་བྱུང་བ་རེད། ཚོགས་འདུའི་ཐོག་ད་དུང་འབྲེལ་ཡོད་བསྐོ་འཐེན་གྲོས་གཞིར་གྲོས་ཞིབ་བྱས་པ་རེད།
     ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཨུ་ཡོན་ཀྲང་གཞོན་པ་ཧའོ་མིང་ཅིན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གཙོ་སྐྱོང་གནང་བ་རེད།

  
style="display:none;"