འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་2ཉིན།

༄༅།།ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་རྣམ་པ་གསར་རྐྱང་དུ་འགྱུར་བ་བྱས་པ།

—— ཨེ་ཅིབ་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་སཱ་ལཱ་ཧོ·ཨ་ཙི་ལིར་བཅར་འདྲི་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་02ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁེ་རོ་ནས་ཟླ་6ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་གིས་ཏང་དབུ་བརྙེས་ནས་ལོ་99འཁོར་བར་བསུ་བ་ཞུ་བའི་སྐབས་སུ། ཨེ་ཅིབ་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་སཱ་ལཱ་ཧོ·ཨ་ཙི་ལི་ཡིས་ཁེ་རོ་རུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱས་ཤིང་། ཁོང་གིས། ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དང་། དབུལ་ཕོངས་སེལ་བ། རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་སོགས་གང་ས་ཅི་ཐད་ལ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད་ཅེས་བརྗོད་པ་རེད།
    “ཀྲུང་གོའི་རྣམ་པ་གསར་རྐྱང་དུ་འགྱུར་བར་ཀྲུང་གོ་གུང་ཁྲན་ཏང་གི་བློ་གྲོས་དང་འགོ་ཁྲིད་ཀྱིས་ནུས་པ་ཧ་ཅང་ཆེན་པོ་བཏོན་ཡོད” ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དེ་འགོ་འཛུགས་སར་བྱས་ཏེ་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འཆར་གཞི་བཟོས་པས་ཀྲུང་གོ་འདི་ཉིད་དབུལ་ཕོངས་རྗེས་ལུས་ཀྱི་རྒྱལ་ཁབ་ཅིག་ནས་འཛམ་གླིང་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་སུ་གྱུར་ཡོད་ཅེས་ཨ་ཙི་ལི་ཡིས་བརྗོད།
     ཨ་ཙི་ལི་ཡིས། ཀྲུང་གོ་གུང་ཁྲན་ཏང་གི་འཕེལ་རྒྱས་བརྒྱུད་རིམ་ནི་རླབས་ཆེ་ལ་འོད་སྟོང་འཕྲོ་བ་ཞིག་ཡིན། “ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་འཇིག་ཉེན་ལས་བསྐྱབས་པ་དང་། དུས་རབས་གོང་མའི་ལོ་རབས་70པར་དུས་རབས་འཕོ་འགྱུར་གྱི་རྗེས་སུ་དམ་པོར་འབྲངས་ནས་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་བཏོན་ཞིང་། ད་ཆ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་ལ་མུ་མཐུད་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བཞིན་ཡོད”ཁོང་གིས་བརྒྱུད་རིམ་དེའི་ནང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འགྲོ་ལམ་ཐོག་དཀའ་ངལ་དང་འགོག་རྐྱེན་མང་པོ་ཁྱད་བསད་བྱས་ཡོད་ཅེས་བརྗོད།
    དབུལ་སྒྲོལ་ཐད་ཀྲུང་གོར་ཐོབ་པའི་གྲུབ་འབྲས་ཆེན་པོར་ཨ་ཙི་ལིར་བག་ཆགས་ཟབ་མོ་བྱུང་ཡོད། “ཀྲུང་གོས་དབུལ་ཕོངས་སེལ་བའི་ཐད་བརྗིད་ཆེའི་བློ་སྟོབས་ཀྱིས་ཁེངས་པར་བྱས་པ་དང་དམིགས་ཚད་འགྲུབ་ཆེད་འཆར་གཞི་ནུས་ལྡན་བཟོས་ཡོད”ཀྲུང་གོའི་དབུལ་ཕོངས་ཉུང་གཏོང་གི་གྲུབ་འབྲས་ལས་ཀྲུང་གོ་གུང་ཁྲན་ཏང་གིས་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལ་ཞབས་འདེགས་ཧུར་ཐག་ཞུ་བ་ར་འཕྲོད་ཡོད། “ཀྲུང་གོ་གུང་ཁྲན་ཏང་གིས་ཁོང་ཚོར་ཕུགས་འདུན་མངོན་འགྱུར་བྱེད་རོགས་བྱས་པ་ནི་ཁོང་ཚོས་ཀྲུང་གོ་གུང་ཁྲན་ཏང་གོང་དུ་བཀུར་བའི་རྒྱུ་རྐྱེན་ཡིན”ཞེས་ཁོང་གིས་བརྗོད།
    དེ་དང་ཆབས་ཅིག་ཨ་ཙི་ལི་ཡིས། ཀྲུང་གོས་ད་དུང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བརྒྱུད་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཆེད་བློ་གྲོས་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་ནན་བཤད་བྱས་ཡོད།
   “ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ནི་ཆབ་སྲིད་ཀྱི་བློ་གྲོས་ཀྱིས་ཕྱུག་པ་ཞིག་ཡིན” ལོ་མང་རིང་། དཀའ་རྙོག་ཆེ་བའི་རྒྱལ་སྤྱིའི་གནད་དོན་ཐད་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྐད་ཆ་ཤོད་རེས་དང་ཆབ་སྲིད་ཀྱི་ཇུས་གཞིར་བརྟེན་ནས་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་ལས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་གཏན་ནས་བྱེད་ཀྱི་མེད་ཅིང་། དེའི་རྒྱུ་མཚན་ནི་རྒྱལ་ཁབ་ཚང་མར་རང་ཉིད་ཀྱི་འཕེལ་རྒྱས་འགྲོ་ལམ་གདམ་ག་བྱེད་པའི་དབང་ཆ་ཡོད་པར་ཀྲུང་གོ་གུང་ཁྲན་ཏང་གིས་ཡིད་ཆེས་བྱེད་ཀྱི་ཡོད་པས་རེད་ཅེས་ཨ་ཙི་ལི་ཡིས་བརྗོད།
    ཀྲུང་གོས་ཏོག་གསར་རིམས་ནད་ལ་ཁ་གཏད་གཅོག་པའི་གནས་ཚུལ་སྐོར་གླེང་སྐབས། ཨ་ཙི་ལི་ཡིས། ཀྲུང་གོས་དུས་ཐུང་ནང་རིམས་ནད་ཚོད་འཛིན་ནུས་ལྡན་ཐུབ་པའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནུས་པ་གང་ལེགས་མཚོན་པ་དང་། ནུས་ཤུགས་ཡོད་རྒུས་རིམས་ནད་ལ་འགོག་རྒོལ་བྱས་ཏེ་ཀྲུང་གོ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་བྱས་ཡོད་ཅེས་ཨ་ཙི་ལི་ཡིས་བརྗོད་བྱུང་།