འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་2ཉིན།

༄༅།།བོད་ལྗོངས་ཀྱི“ཁུལ་གསུམ་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་བདེ་བླག་ངང་སྐྲུན་
མཇུག་འགྲིལ་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་02ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་ཆབ་མདོ་དང་ནག་ཆུ་སོགས་ས་ཁུལ་དང་གྲོང་ཁྱེར་གྱི“ཁུལ་གསུམ་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དེ་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱི“ཁུལ་གསུམ་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་བདེ་བླག་ངང་སྐྲུན་མཇུག་འགྲིལ་བ་མཚོན་ཡོད། ལས་གྲྭ་ཧྲིལ་པོས་བོད་ཀྱི་རྫོང་69ཡི་ཤང(གྲོང་རྡལ)350ཡི་གྲོང་ཚོ་4860ལ་ཕན་པ་ཐོབ་ནས་དུད་ཚང་ཁྲི་23གྱི་ཞིང་འབྲོག་པ་ཁྲི་67.2ཀྱི་གློག་སྤྱོད་གནད་དོན་ཐག་གཅོད་དང་ལེགས་སུ་འགྲོ་རྒྱུ་ཡིན་པས། དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་དང་། དབུལ་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་བཅས་ལ་སྲ་ཞིང་བརྟན་པའི་གློག་ཤུགས་ཀྱི་རྒྱབ་སྐྱོར་ཐུབ་རྒྱུ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི“ཁུལ་གསུམ་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན་རྣམ་གྲངས་2018ལོ་ནས་སྤེལ་འགོ་ཚུགས་པ་དང་། དེ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”གློག་དྲ་འཛུགས་སྐྲུན་གྱི་དམངས་འཚོའི་ལས་གྲྭ་གལ་ཆེན་ཞིག་ཡིན། ལས་གྲྭ་འདིར་བོད་ཀྱི་མངའ་ཁོངས་སུ་ཡན་ལག་རྣམ་གྲངས་214ཡོད་ཅིང་། དེར་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ས་ཚིགས་33དང་། ས་བབ་ཤིན་ཏུ་མཐོ་བའི་གནས་སྤོས་ས་ཚིགས་901 མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624 མཐར་ཐུག་གྲོང་ཚོ་255དང་དེ་བཞིན་རིམ་ཁག་གློག་དྲ་འཛུགས་སྐྲུན་དང་གློག་ཁུངས་སྦྲེལ་མཐུད་ཀྱི་གློག་དྲའི་ལས་གྲྭ་འཛུགས་སྐྲུན་གཞན་དག་ཚུད་ཡོད། ལས་གྲྭ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་97.75བཏང་བ་དང་། རྒྱལ་ཡོངས་ཀྱི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་གློག་དྲ་འཛུགས་སྐྲུན་ལས་གྲྭའི་བསྡོམས་འབོར་གྱི་གསུམ་ཆ་གཅིག་ཙམ་ཟིན་པ་དང་། གློག་དྲ་གཙོ་བོའི་གློག་སྐུད་ཀྱི་རིང་ཚད་ལ་སྤྱི་ལེ་ཁྲི་1.9དང་། གློག་སྒྱུར་ས་ཚིགས་109 གློག་གནོན་དམའ་བའི་ཁུལ་3700ལྷག་ཙམ་བཅས་གསར་སྐྲུན་དང་སྒྱུར་བཀོད་བྱས་པ་རེད།
    རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཞའོ་མིང་གིས“ལས་གྲྭ་འཛུགས་སྐྲུན་གྱི་ཁོར་ཡུག་ཞན་པ་དང་། ནུས་ལྡན་གྱི་ཨར་ལས་དུས་ཡུན་ཐུང་བ། ཨར་སྐྲུན་བྱེད་ས་མང་བ་དང་རྒྱ་ཁྱོན་ཆེ་བ། དངོས་ཟོག་སྐྱེལ་འདྲེན་དཀའ་བ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་ཀྱང་ང་ཚོས་ཨར་ལས་ཀྱི་བདེ་འཇགས་དང་། སྤྱོད་གཙང་འཛུགས་སྐྱོང་། རིམས་ནད་སྔོན་འགོག་དང་ཚོད་འཛིན། དངོས་ཟོག་འགན་ལེན། འཛུགས་སྐྲུན་དོ་དམ་སོགས་ཆེད་དོན་རྗེས་སྙེག་མཐུན་སྦྱོར་བྱས་ནས་མ་འོངས་ཀྱི་འཆར་གཞི་ལེགས་སུ་གཏོང་བ་དང་། ཚད་ལྡན་གྱི་ཨར་སྐྲུན་བཟོ་རྩལ་ཁྱབ་གདལ་བེད་སྤྱོད་གཏོང་བ། ལས་གྲྭ་འཛུགས་སྐྲུན་གྱི་འགན་སྲུང་བྱེད་ཐབས་ཞིབ་ཚགས་སུ་གཏོང་བ། འགག་རྩའི་ལྷུ་ཚིགས་སུ་ཚན་ཁག་དང་ཚོགས་ཆུང་མང་པོ་མཉམ་རུབ་ཀྱིས་ལས་དོན་སྒྲུབ་པ། དཀའ་ངལ་ཁྱད་བསད་དང་འགག་སྒྲོལ་དཀའ་སེལ་བཅས་བྱས་པས་རྣམ་གྲངས་འཛུགས་སྐྲུན་དུས་བཀག་བཞིན་ལེགས་གྲུབ་བྱུང་ཡོད”ཅེས་བཤད་པ་དང་། ཁོང་གིས། གློག་དྲའི་ལས་གྲྭ་འཛུགས་སྐྲུན་བྱེད་པ་དང་དུས་མཚུངས་ས་གནས་དེ་གའི་ཞིང་འབྲོག་པ་ཁྲི་1.5ལྷག་ཙམ་ལས་ཀར་འཇུག་གང་ཐུབ་བྱས་པར། རིམ་རྩིས་བྱས་ན་ས་གནས་དེ་གའི་ལས་མི་མི་ཐེངས་ཁྲི་152.18ཙམ་ལས་ཀར་བཅུག་པས་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་10.48བྱུང་ཡོད་ཅེས་བཤད།