འཚོལ་བཤེར།   
藏文频道
2020ལོའི་ཟླ་7ཚེས་1ཉིན།

༄༅།།ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་སྤྱི་ཚོགས་འགན་བཅོལ་དངུལ་རྩ་ཆག་དང་ཆག་ཡང་གཏོང་བའི་སྲིད་ཇུས་ཀྱི་དུས་
ཡུན་རིང་དུ་གཏོང་བར་གསལ་འགྲེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་01ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་མི་སྤྱི་པུའུ་དང་། ནོར་སྲིད་པུའུ། ཁྲལ་དོན་སྤྱི་ཁྱབ་ཅུས་བཅས་ཀྱིས《དུས་མཚམས་རང་བཞིན་གྱི་སྒོ་ནས་ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་དངུལ་རྩ་ཆག་དང་ཆག་ཡང་གཏོང་བའི་སྲིད་ཇུས་ལག་བསྟར་གྱི་དུས་ཡུན་རིང་དུ་གཏོང་བ་སོགས་ཀྱི་གནད་དོན་སྐོར་གྱི་བརྡ་ཐོ》བཀྲམ་ནས་ཀུན་གྱིས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ཏེ། ཚེས་29ཉིན་ཁྲལ་དོན་སྤྱི་ཁྱབ་ཅུས་སྤྱི་ཚོགས་འགན་བཅོལ་དངུལ་སིའི་སི་ཀྲང་གཞོན་པ་ཝང་ཧྥ་ཡུན་གྱིས“ཁྲལ་དོན་འཆད་ཁྲིད”ལས་སྟེགས་ཐོག་དབང་གྲགས་ལྡན་པའི་གསལ་འགྲེལ་བྱས་པ་རེད།
    “དུས་མཚམས་རང་བཞིན་གྱི་སྒོ་ནས་རྩ་ཆག་དང་ཆག་ཡང་གཏོང་བའི་སྲིད་ཇུས་ལག་བསྟར་གྱི་དུས་ཡུན་རིང་དུ་གཏོང་བའི་ཐད། འགན་བཅོལ་ནང་ཞུགས་མཁན་གྱི་ཚན་པའི་རིགས་མི་འདྲ་བའི་དབང་གིས་རྩ་ཆག་དང་ཆག་ཡང་གཏོང་བའི་སྲིད་ཇུས་དང་དུས་ཡུན་ཡང་འདྲ་གི་མེད”ཅེས་ཝང་ཧྥ་ཡུན་གྱིས་བརྗོད་ཅིང་། ཁོང་གིས། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཡིན་ན་སྤྱི་ཚོགས་འགན་བཅོལ་ལ་ཚན་པས་འཇལ་བའི་གྲོན་དངུལ་ཁག་གསུམ་རྩ་ཆག་གཏོང་བའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་དང་། ལག་བསྟར་གྱི་དུས་ཡུན་2020ལོའི་ཟླ་12པའི་ཟླ་མཇུག་བར་རིང་དུ་གཏོང་རྒྱུ་རེད། ཧུའུ་པེ་ཞིང་ཆེན་ཕུད་པའི་ཞིང་ཆེན་གྱི་ཁེ་ལས་ཆེ་གྲས་སོགས་འགན་བཅོལ་ནང་ཞུགས་མཁན་ཚན་པ(ལས་ཁུངས་དང་བྱ་གཞག་ཚན་པ་ཚུད་མེད་པ)གཞན་དག་ཡིན་ན་སྤྱི་ཚོགས་འགན་བཅོལ་ལ་ཚན་པས་འཇལ་བའི་གྲོན་དངུལ་ཁག་གསུམ་གྱི་ཕྱེད་ཀ་གཅོག་པའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་དང་། ལག་བསྟར་གྱི་དུས་ཡུན་2020ལོའི་ཟླ་6པའི་ཟླ་མཇུག་བར་རིང་དུ་གཏོང་རྒྱུ་རེད། ཧུའུ་པེ་ཞིང་ཆེན་གྱི་ཁེ་ལས་ཆེ་གྲས་སོགས་འགན་བཅོལ་ནང་ཞུགས་མཁན་ཚན་པ་གཞན་དག་ཡིན་ན་སྤྱི་ཚོགས་འགན་བཅོལ་ལ་ཚན་པས་འཇལ་བའི་གྲོན་དངུལ་ཁག་གསུམ་རྩ་ཆག་གཏོང་བའི་སྲིད་ཇུས་ལག་ལེན་བསྟར་རྒྱུ་དང་། སྲིད་ཇུས་དེ་2020ལོའི་ཟླ་6པའི་ཟླ་མཇུག་བར་ལག་ལེན་བསྟར་རྒྱུ་རེད་ཅེས་བརྗོད་པ་རེད།
    2020ལོའི་སྤྱི་ཚོགས་འགན་བཅོལ་གྱི་མི་སྒེར་གྱི་དངུལ་འཇལ་གཞི་གྲངས་ཀྱི་ཚད་གཞི་དམའ་ཤོས་དེ་མུ་མཐུད་2019ལོའི་ཚད་གཞི་ལག་ལེན་བསྟར་ཆོག ཞིང་ཆེན་ཁག་གི་2020ལོའི་སྤྱི་ཚོགས་འགན་བཅོལ་གྱི་མི་སྒེར་གྱི་དངུལ་འཇལ་གཞི་གྲངས་ཀྱི་ཚད་གཞི་དམའ་ཤོས་དེ་མུ་མཐུད་2019ལོའི་དངུལ་འཇལ་གཞི་གྲངས་ཀྱི་ཚད་གཞི་དམའ་ཤོས་ལ་ལག་ལེན་བསྟར་ཆོག་པ་དང་། མི་སྒེར་གྱི་དངུལ་འཇལ་གཞི་གྲངས་ཀྱི་ཚད་གཞི་མཐོ་ཤོས་དེ་གཏན་འབེབས་ལྟར་རྒྱུན་གཏན་བཞིན་ལེགས་སྒྲིག་བྱས་ན་འགྲིག མི་སྒེར་གྱི་ཐོབ་ཐང་ཐོག་ནས་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་པའི་སྒེར་གཉེར་ཚོང་དུད་དང་སྐབས་བསྟུན་ལས་ཞུགས་བྱེད་མཁན་གྱི་རིགས་ཡིན་ཞིང་2020ལོའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་དངུལ་འཇལ་སྐབས་དངོས་འབྲེལ་དཀའ་ངལ་ཡོད་ན་རང་འདོད་ལྟར་གནས་སྐབས་གྲོན་དངུལ་མ་འཇལ་ནའང་འགྲིག
    དོ་སྣང་བྱེད་དགོས་པ་ཞིག་ལ། དུས་ཡུན་རིང་དུ་བཏང་བའི་སྲིད་ཇུས་གསར་པ་ལག་ལེན་བསྟར་སྐབས་རྩ་ཆག་དང་ཆག་ཡང་བཏང་བའི་སྤྱི་ཚོགས་འགན་བཅོལ་དངུལ་གྱི་གྲས་སུ། གཞི་རྩའི་རྒན་གསོ་འགན་བཅོལ་དངུལ་དང་། ལས་ཤོར་འགན་བཅོལ་དངུལ། ལས་རྨས་འགན་བཅོལ་དངུལ་བཅས་ཚུད་པ་ལས། ལས་བཟོའི་སྨན་བཅོས་འགན་བཅོལ་དངུལ་དང་བུ་བཙའི་འགན་བཅོལ་དངུལ་ཚུད་མེད་ལ། གྲོང་ཁྱེར་ཁག་གཅིག་ཏུ་ཚོད་ལྟ་བྱེད་བཞིན་པའི་ཡུན་རིང་ནད་གཡོག་གི་འགན་བཅོལ་དངུལ་ཡང་དེའི་གྲས་སུ་ཚུད་མེད། དུས་ཡུན་རིང་དུ་བཏང་བའི་སྲིད་ཇུས་གསར་པ་སྤྱོད་རྒྱུར་འཚམ་པའི་གྲས་སུ། འགན་བཅོལ་ནང་ཞུགས་མཁན་ཚན་པ་དང་དེ་བཞིན་ལས་བཟོ་དང་། ཚན་པའི་རྣམ་པར་བརྟེན་ནས་འགན་བཅོལ་ནང་ཞུགས་པའི་སྒེར་གཉེར་ཚོང་དུད་དང་དེའི་གླ་པ། དམངས་གཉེར་ཁེ་ལས་མིན་པའི་ཚན་པ། སྤྱི་ཚོགས་ཚོགས་པ་སོགས་སྤྱི་ཚོགས་ཀྱི་རྩ་འཛུགས་དང་དེ་བཞིན་དེའི་ལས་བཟོ་སོགས་དང་། མི་སྒེར་གྱི་ཐོབ་ཐང་ཐོག་ནས་འགན་བཅོལ་ནང་ཞུགས་པའི་སྒེར་གཉེར་ཚོང་དུད་དང་སྐབས་བསྟུན་ལས་ཞུགས་བྱེད་མཁན་ཚུད་ཡོད། ལས་ཁུངས་དང་བྱ་གཞག་ཚན་པ་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་ཚུད་མེད།
    མིག་སྔར་རྒྱལ་ཡོངས་སུ་ཞིང་ཆེན་18དང་འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར་3གྱི་ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་དངུལ་ཁྲལ་དོན་སྡེ་ཚན་གྱིས་བསྡུ་འགན་འཁུར་རྒྱུ་རེད། “ལྷག་དོན་དུ་ཚང་མར་དྲན་སྐུལ་ཞུ་དགོས་པ་ཞིག་ལ། མིག་སྔར་རང་རྒྱལ་གྱི་ཁེ་ལས་ཀྱི་རྒན་གསོ་འགན་བཅོལ་དངུལ་ད་དུང་རྒྱལ་ཡོངས་སུ་སྤྱི་འདོམས་བྱུང་མེད་པས། ས་ཁུལ་མང་ཆེ་བས་ལས་ཤོར་འགན་བཅོལ་དང་ལས་རྨས་འགན་བཅོལ་ཞིང་ཆེན་རིམ་པ་ནས་སྤྱི་འདོམས་ཡོང་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། སྤྱི་ཚོགས་འགན་བཅོལ་དངུལ་བསྡུ་བའི་སྒྲིག་གཞི་སྒྱུར་བཅོས་ད་དུང་དོན་འཁྱོལ་བྱུང་མེད་པ། ཁྲལ་དངུལ་བསྡུ་བ་དང་སྤྱི་ཚོགས་འགན་བཅོལ་སྒྲིག་གཞིའི་དངུལ་བསྡུ་རྒྱུ་མཉམ་དུ་གནས་ཡོད། ས་གནས་ཁག་གི་དུས་མཚམས་རང་བཞིན་གྱི་སྒོ་ནས་ཁེ་ལས་ཀྱི་སྤྱི་ཚོགས་འགན་བཅོལ་དངུལ་རྩ་ཆག་དང་ཆག་ཡང་གཏོང་བའི་སྲིད་ཇུས་ལག་བསྟར་གྱི་དུས་ཡུན་རིང་དུ་གཏོང་བའི་ལག་ལེན་བསྟར་ཐབས་དང་བཀོལ་སྤྱོད་གོ་རིམ་ལ་ཧེ་བག་ངེས་ཅན་ཡོད་པས། འགན་བཅོལ་ནང་ཞུགས་མཁན་ཚན་པ་དང་འགན་བཅོལ་ནང་ཞུགས་མཁན་མི་སྣས་ས་གནས་དེ་རང་གི་ལག་ལེན་བསྟར་ཐབས་ལ་ཤེས་རྟོགས་བྱས་ནས་སྒྲིག་སྲོལ་གཞིར་བཟུང་ལས་དོན་སྒྲུབ་དགོས”ཞེས་ཝང་ཧྥ་ཡུན་གྱིས་བརྗོད་པ་རེད།