མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱས་ནས་ཚན་རྩལ་གྱི་ཡང་རྩེ་གསར་པར་
དཔའ་ངར་ཆེན་པོས་འཛེགས་པ་དང་། ལས་གྲྭ་རྩེ་གྲ་ཧུར་ཐག་བཏོད་ནས་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་
བསྐྲུན་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 07ཚེས་01ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་འབྲི་ཆུའི་ཝུའུ་ཏུང་ཏེ་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་ཁག་དང་པོ་ནས་གློག་གཏོང་འགོ་ཚུགས་པར་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་འཕྲུལ་ཚན་ཁག་དང་པོ་ནས་གློག་གཏོང་འགོ་ཚུགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་འབྲེལ། འཛུགས་སྐྲུན་པ་ཡོངས་དང་ལས་གྲྭ་འཛུགས་སྐྲུན་ཆེད་ལེགས་སྐྱེས་འབུལ་མཁན་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།
   ཞི་ཅིན་ཕིང་གིས། ཝུའུ་ཏུང་ཏེ་ཆུ་ཤུགས་གློག་ཁང་ནི“ནུབ་གློག་ཤར་འདྲེན”གྱི་འཐབ་ཇུས་ལག་ལེན་བསྟར་བའི་རྒྱལ་ཁབ་ཀྱི་ལས་གྲྭ་གལ་ཆེན་ཞིག་རེད། བློ་མཐུན་ཚོས་ཡང་འབད་བསྐྱར་འབད་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས། ཚན་རྩལ་གྱི་ཡང་རྩེ་གསར་པར་དཔའ་ངར་ཆེན་པོས་འཛེགས་པ། ཚད་གཞི་དང་སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་རྗེས་མཐུད་ཀྱི་ལས་གྲྭ་འཛུགས་སྐྲུན་གྱི་ལས་འགན་ལེགས་སྒྲུབ་བྱས་ཏེ་ཝུའུ་ཏུང་ཏེ་ཆུ་ཤུགས་གློག་ཁང་དེ་ལས་གྲྭ་རྩེ་གྲ་ཞིག་ཏུ་ཧུར་ཐག་བསྐྲུན་རྒྱུའི་རེ་བ་ཡོད། སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་འབྲི་ཆུའི་ཆུ་ནུས་ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། འབྲི་ཆུ་རྒྱུག་ཁུལ་སྲུང་སྐྱོང་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོང་ལ་སྐུལ་འདེད་བཏང་ནས་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།
    ཚེས་29ཉིན། ཝུའུ་ཏུང་ཏེ་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་ཁག་དང་པོ་ནས་གློག་གཏོང་འགོ་ཚུགས་པའི་མཛད་སྒོ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་ཤིང་། པེ་ཅིང་དུ་ཚོགས་ར་གཙོ་བོ་དང་ཡུན་ནན་དང་སི་ཁྲོན་སོགས་ས་ཆར་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་པ་དང་། མཛད་སྒོའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་རེད།
    ཝུའུ་ཏུང་ཏེ་ཆུ་ཤུགས་གློག་ཁང་ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་ལུའུ་ཆོན་རྫོང་དང་སི་ཁྲོན་ཞིང་ཆེན་ལེང་ཧྲན་ཀྲོའུ་ཧུའེ་ཏུང་རྫོང་གི་འབྲེལ་མཚམས་སུ་གནས་ཤིང་། ཀྲུང་གོ་འབྲི་ཆུའི་འགག་གསུམ་ཚོགས་པ་ཚད་ཡོད་ཀུང་སིས་2015ལོའི་ཟླ་12པར་ཕྱོགས་ཡོངས་ནས་ལས་གྲྭ་སྐྲུན་འགོ་ཚུགས་པ་དང་། གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་བསྡོམས་འབོར་ཆན་ཝ་ཁྲི་1020ཟིན་པ་དང་། ལོ་རེར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་389.1ཟིན་གྱི་ཡོད་པ་རེད། ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་ཚང་མ་2021ལོའི་ཟླ་7པའི་གོང་བསྐྲུན་ནས་སྤྱོད་འགོ་ཚུགས་རྒྱུ་ཡིན་པ་རེད།

  
style="display:none;"