འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་30ཉིན།

༄༅།།ཤང་ཀང་གི་ཐད་རྣམ་འགྱུར་ངན་པ་སྟོན་མཁན་ལ་འཐུས་མཆན་ཚོད་འཛིན་བྱས། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་30ཉིན། 11:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་29ཉིན། ཉེ་ཆར་ཨ་རི་ཕྱོགས་ཀྱིས་ཤང་ཀང་དང་འབྲེལ་ཡོད་ཀྲུང་གོའི་དཔོན་རིགས་ལ་ལམ་ཡིག་གི་འཐུས་མཆན་ཚོད་འཛིན་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པར་དམིགས་ནས། ཕྱི་འབྲེལ་པུའུ་ཡིས་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཚེས་29ཉིན། ཨ་རི་ཕྱོགས་ཀྱི་ནོར་འཁྲུལ་གྱི་བྱ་སྤྱོད་ལ་དམིགས་ཏེ། ཀྲུང་གོ་ཕྱོགས་ཀྱིས་ཤང་ཀང་གི་འབྲེལ་ཡོད་གནད་དོན་ཐད་རྣམ་འགྱུར་ངན་པ་སྟོན་མཁན་ཨ་རི་ཕྱོགས་ཀྱི་མི་སྣ་ལ་ལམ་ཡིག་གི་འཐུས་མཆན་ཚོད་འཛིན་ལག་བསྟར་བྱ་རྒྱུ་ཐག་བཅད་པ་ཡིན་ཟེར། 
    ཀྲའོ་ལི་ཅན་གྱིས་ཉིན་དེའི་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ནས། ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་འཛུགས་པའི་གནད་དོན་ནི་ཀྲུང་གོའི་ནང་སྲིད་ཡིན་པས། ཕྱིའི་རྒྱལ་ཁབ་གང་ལའང་དེའི་ཐད་ལ་ཐེ་གཏོགས་བྱེད་དབང་མེད། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཆོད་སེམས་འགྱུར་མེད་བརྟན་པོ་ཡིན་ཞིང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་བྱེད་ཕྱོགས་ལག་བསྟར་བྱེད་པའི་ཆོད་སེམས་ནི་བློ་བརྟན་འགྱུར་མེད་ཡིན་པ་དང་། ཕྱི་རོལ་གྱི་སྟོབས་ཤུགས་གང་ཞིག་གིས་ཤང་ཀང་གི་ལས་དོན་ལ་ཐེ་གཏོགས་བྱེད་པ་ལ་ངོ་རྒོལ་བྱེད་པའི་ཆོད་སེམས་ནི་འགྱུར་མེད་བརྟན་པོ་ཡིན། ཨ་རི་ཕྱོགས་ཀྱིས་བཀག་སྡོམ་ལ་བརྟེན་ནས་ཀྲུང་གོ་ཕྱོགས་ཀྱིས་ཤང་ཀང་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བར་འགོག་རྐྱེན་བཟོ་བའི་ལྐོག་ཇུས་གཏན་ནས་འགྲུབ་མི་སྲིད་ཟེར།