འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་30ཉིན།

༄༅༎ཤམ་བྷ་ལའི་རི་ཁུག་ཏུ་གཞིས་ཆགས་པའི་རབ་འབྱམས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་30ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་6ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཁྲེང་ཏུའུ་ནས་ཐོན་ཏེ་ས་བབ་སྨི་4000ཡན་གྱི་ལ་ཆེན་བདུན་ཙམ་བརྒལ་རྗེས་ས་བབ་རིམ་གྱིས་དམའ་རུ་འགྲོ་ཡི་ཡོད་ལ། འབྲི་ཆུའི་ཆུ་ལག་སྟེ་ཤོར་ཆུའི་རྒྱུད་ནས་མདུན་དུ་བསྐྱོད་ན་དུང་དཀར་གྲོང་ཚོར་འབྱོར།
     ལྔ་པའི་ཚེས་ལྔའི་དུས་ཆེན་ཡིན་རུང་གྲོང་སྡོད་ལས་བྱེད་པ་བཀྲ་ཤིས་ཚེ་རིང་སྔར་བཞིན་ལས་བྲེལ་ཆེན་པོ་ཡོད། ཁོང་ཞོགས་པ་སྔ་པོ་ནས་གྲོང་མི་བཀྲ་མཚོའི་ཁྱིམ་དུ་ཆས་ཤིང་། དེ་དུས་བཀྲ་མཚོས་སྒོ་རའི་ནང་ཨ་ཤོམ་དང་ནས་འཐག་པའི་སྒང་རེད། “ཕྱི་ལོར་ཕག་ཕྲུག་སྐྱེ་གྲབས་ཡོད”བཀྲ་མཚོའི་སྐད་གོ་མ་ཐག་ཕག་པ་རྣམས་ཁོ་མོའི་འཁྲིད་དུ་རྒྱུག་ཡོང་། ད་ཆ་གྲོང་ཚོའི་ནང་གི་ཁྱིམ་ཚང་མང་ཆེ་བས་བོད་ཕག་གསོས་ཡོད་པ་དང་། བཀྲ་ཤིས་ཚེ་རིང་ལྟ་སྐོར་དུ་ཐེངས་གཅིག་བསྐྱོད་ཟིན་དུས་ཉིན་དགུང་ཡོལ་ཟིན།
     དུང་དཀར་གྲོང་ཚོ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ཕྱག་ཕྲེང་རྫོང་ཤམ་བྷ་ལ་གྲོང་རྡལ་དུ་གནས་ལ། དབེན་པའི་སྐྱེད་ཚལ་ལྟར་གྱི་གནས་མཆོག་ཏུ་ཆགས་ཀྱང་དཔལ་འབྱོར་ཞན་ལ་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་པོ་མེད། གྲོང་མི་མང་ཆེ་བ་ས་ཆ་འབར་འབུར་དང་འགྲིམ་འགྲུལ་སྟབས་བདེ་མེད་པའི་གནས་འདིར་སྡོད་པ་མ་ཟད། ཚང་མ་ཁ་ཐོར་དུ་གནས་ཡོད། གྲོང་ཚོར་མཉམ་སྡེབ་ཀྱི་ཐོན་ལས་མེད་ལ་གྲོང་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་2000ཡང་ཟིན་གྱི་མེད།
     2016ལོར་བཀྲ་ཤིས་ཚེ་རིང་ཞིབ་འཇུག་སློབ་མའི་སློབ་མཐར་ཕྱིན་རྗེས་རང་བྱུང་ཐོན་ཁུངས་པུའུ་སི་ཁྲོན་ཐིག་ལེན་རིས་འབྲི་ཐོན་རྫས་སྤུས་ཚད་ལྟ་སྐུལ་ཞིབ་བཤེར་ས་ཚིགས་སུ་ལས་བགོས་བརྒྱབ། 2017ལོའི་ཟླ་བཅུ་པར་ཚན་པས་ཕྱག་ཕྲེང་རྫོང་དུ་གྲོང་ཚོའི་ལས་བྱེད་པར་མངགས། བརྡ་ཐོ་འབྱོར་སྐབས་ཁོང་གཉེན་སྒྲིག་བྱས་ནས་ཉིན་བརྒྱད་ལས་ཕྱིན་མེད།
     ཐོག་མར་རང་ཉིད་ཀྱིས་བོད་རྒྱ་སྐད་གཉིས་ཤེས་པས་གྲོང་ཚོའི་ནང་ལས་ཀ་བྱེད་བདེ་པོ་ཡོང་ངེས་སྙམ། ཡིན་ཡང་། དོན་དངོས་སུ་དེ་ལྟར་ག་ལ་ཡིན། “1991ལོར་སྐྱེས་པའི་ཕྲུ་གུ་ཞིག་གིས་ལས་ཀ་གང་ལས་ཐུབ་བམ” “ཡུན་རིང་པོ་སྡོད་ཐུབ་ཀྱི་མ་རེད”ལ་སོགས་པའི་གྲོང་མི་ཚོའི་དོགས་པ་བྱེད་པའི་སྐད་ཆ་མང་པོ་ཡང་རྣ་བར་ཐོས།
     དུང་དཀར་གྲོང་ཚོར་སླེབས་པའི་གཟའ་འཁོར་དང་པོ་དེར་བཀྲ་ཤིས་ཚེ་རིང་གིས་འཕྲལ་དུ་གྲོང་སྡོད་ལས་ལ་ཞུགས་འགོ་བརྩམས། ཁོང་གིས་འཚམས་འདྲི་བྱས་པ་བརྒྱུད། གྲོང་མིས་གསོ་ཚགས་བྱས་པའི་བོད་ཕག་གི་ཕག་ཤའི་བྲོ་བ་ཧ་ཅང་ཞིམ་ནའང་། ལུང་ཁུག་ཏུ་གནས་ཤིང་གསོ་ཚགས་ཀྱི་ལག་རྩལ་ཞན་པས་གསོ་ཚགས་ཀྱི་གཞི་ཁྱོན་ཆེ་རུ་གཏན་ནས་གཏོང་ཐུབ་ཀྱི་མེད་པ་ཤེས།
     སྔོན་ཆད་གྲོང་མི་ཚོས་འོག་ཐོག་ཏུ་ཕག་པ་གསོ་བ་དང་སྟེང་ཐོག་ཏུ་མི་སྡོད་ཀྱི་ཡོད། མི་ཕྱུགས་མཉམ་སྡོད་བྱེད་དགོས་པའི་རྐྱེན་གྱིས་གཙང་སྦྲ་གཏན་ནས་ཡག་པོ་མེད། བཀྲ་ཤིས་ཚེ་རིང་གིས་མ་དངུལ་བརྩོན་ལེན་བྱས་རྗེས་དུད་ཚང་རེའི་སྒོ་རའི་ནང་ཕག་ཚང་ལོགས་སུ་རྒྱག་རྒྱུར་སྣེ་ཁྲིད་བྱས། ཕག་ཚང་བརྒྱབ་རྗེས་ཕག་པ་གསོ་ཚགས་ཇི་ལྟར་བྱེད་དམ། ཆུང་དུས་ནས་གྲོང་ཁྱེར་དུ་འཚར་ལོངས་བྱུང་བའི་ཁོང་ལ་དེའི་ཐད་རྒྱུས་མངའ་རྟ་རྔ་ཙམ་ཡང་མེད། དེར་བརྟེན་ཁོང་གིས་ཁོམ་པ་ཡོད་རིམ་བཞིན་དུ་གྲོང་ཚོའི་བྱེད་སྒོ་ཁང་དུ་བསྐྱོད་ནས་ཕག་པ་གསོ་ཚགས་དང་འབྲེལ་བའི་དཔེ་དེབ་སྣ་ཚོགས་ལ་བལྟས་པ་མ་ཟད། ད་དུང་གྲོང་མི་ཚོར་ཚན་རིག་དང་མཐུན་པའི་གསོ་ཚགས་ལག་རྩལ་སློབ་པའི་ཆེད་དུ་རྫོང་གི་ལག་རྩལ་པ་གདན་དྲངས།
     ལོ་57ལ་སླེབས་པའི་གྲོང་མི་ཚེ་རིང་རྡོ་རྗེ་མི་གཅིག་གིས་ནང་མི་ལྔའི་ལྟོ་གོས་སྐྱོང་ཐབས་བྱེད་དགོས་པས། འཚོ་བ་ཧ་ཅང་ཁ་ཐང་པོ་ཡོད། བོད་ཕག་གི་ཕག་ཤ་ཚོང་བའི་ཁྲོམ་ར་ཡག་པོ་ཡོད་པ་མ་ཟད། སྒོ་རྩར་ལག་རྩལ་མཛུབ་ཁྲིད་བྱེད་མཁན་ཡོད་པ་ཤེས་འཕྲལ་ཁོང་གིས་སེམས་ཐག་གཙང་བཅད་ཀྱིས་ཕག་པ་གསོ་ཚགས་བྱེད་འགོ་བརྩམས། མིག་སྔར་བོད་ཕག་མགོ་གྲངས་30ལྷག་ཙམ་གསོས་པ་དང་། ད་ཆ་གྲོང་ཚོའི་ནང་གི་གསོ་ཚགས་དུད་ཆེན་དུ་གྱུར་ཡོད།
     ད་ཆ་བོད་ཕག་གསོ་ཚགས་བྱས་པས་དུང་དཀར་གྲོང་ཚོའི་དུད་ཚང་གི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་1500ལྷག་ཙམ་འཕར་བ་དང་། གསོ་ཚགས་བྱེད་རིང་གྲོང་མི་ཚོར་དཀའ་ངལ་གང་ཞིག་འཕྲད་ཀྱང་བཀྲ་ཤིས་ཚེ་རིང་འཚོལ་རྐྱང་བྱེད་ཀྱི་ཡོད།
     སློབ་གྲྭ་འགྲིམ་དུས་སློབ་གསོའི་རིག་པ་སྦྱངས་མྱོང་བའི་བཀྲ་ཤིས་ཚེ་རིང་གིས་གྲོང་ཚོའི་སློབ་གསོར་ཧ་ཅང་མཐོང་ཆེན་པོ་བྱེད་ཀྱི་ཡོད། འབྲེལ་གཏུག་བྱས་པ་བརྒྱུད། ཁོང་གི་ལས་ཁུངས་ནས་མ་དངུལ་བཏོན་ཏེ་གྲོང་ཚོའི་བྱེད་སྒོ་ཁང་དུ“སྐད་གཉིས་སློབ་ཚན”ཁྲིད་པ་དང་། གྲོང་མི་ཚོར་རྒྱ་སྐད་སློབ་རྒྱུར་ས་གནས་དེ་ག་ནས་དགེ་རྒན་གདན་དྲངས་པ་མ་ཟད། ད་དུང་གསར་འགྱུར་ཡང་སྐད་སྒྱུར་བྱེད་ཀྱི་ཡོད་པ་རེད། “གྲོང་མི་ཚོས་ཐོག་མར་བསམ་ཤེས་ཐུབ་ཀྱི་མི་འདུག ད་ཆ་གོམས་གཤིས་སུ་གྱུར་ནས་དུས་ཚོད་སླེབས་མ་ཐག་འདི་གར་འཛོམས་ཀྱི་འདུག”ཅེས་བཀྲ་ཤིས་ཚེ་རིང་གིས་བཤད།
     གྲོང་ཚོར་བཅའ་སྡོད་བྱས་ནས་ལོ་གསུམ་ཙམ་རིང་གྲོང་མིའི་དོན་དུ་རྒྱུག་རྒྱུག་གིས་ཁོང་གི་ལྷམ་ཆ་5ཙམ་རལ་ཡོད། ད་ཆ་གྲོང་མི་ཚོས་བཀྲ་ཤིས་ཚེ་རིང་གི་འཇོན་ཐང་ལ་དོགས་པ་བྱ་རྒྱུ་ལྟ་ཅི་ཚང་མས་མགྲིན་གཅིག་ཏུ་ཁོང་ལ“གྲོང་ཚོའི་ནང་གཞིས་ཆགས་པའི་རབས་འབྱམས་པ”ཞེས་འབོད་ཀྱི་ཡོད། ཐེངས་ཤིག་བཟའ་ཟླ་ཁྲེང་ཏུའུ་ནས་ཕྱག་ཕྲེང་རྫོང་དུ་ཁོང་ལ་ལྟ་བར་ཡོང་། གྲོང་མི་ཚེ་སྒྲོལ་མས་གནས་ཚུལ་དེ་ཤེས་རྗེས་སྟར་ཁ་རྩྭ་རས་གང་སྒལ་པར་འཁུར་ནས་ཆུ་ཚོད་གཅིག་ལྷག་ཙམ་ལ་རྐང་ཐང་མར་བསྐྱོད་དེ་ཁོང་བཟའ་ཚོ་གཉིས་ཀྱི་གམ་དུ་བཅར། “ཁོ་མོའི་གཟུགས་པོའི་རིང་ཚད་ལས་སྟར་ཁ་བླུགས་པའི་རྩྭ་རས་རིང་བ་འདུག”ཅེས་བཀྲ་ཤིས་ཚེ་རིང་གིས་བཤད། དེ་དུས་ཁོང་གི་མིག་ལ་རང་དབང་མེད་པར་མཆི་ཞག་འཁོར།
     ད་ཆ་དབུལ་པོའི་གནས་ལས་བསྒྲལ་བའི་དུང་དཀར་གྲོང་ཚོ་རྣམ་པ་གསར་རྐྱང་དུ་གྱུར་ཡོད། 2019ལོར་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་9135ཟིན་པ་དང་། མི་རིང་བར་གྲོང་ཚོའི་ནང་ཕྱེ་འཐག་ཁང་བསྐྲུན་རྒྱུ་མ་ཟད། ཤིང་བཟོའི་གསོ་སྦྱོང་འཛིན་གྲྭ་ཡང་གཉེར་རྒྱུ་རེད། བཀྲ་ཤིས་ཚེ་རིང་གིས། ཏང་ཡོན་ཞིག་ཡིན་པའི་ཆ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རླབས་པོ་ཆེ་འདི་འདྲའི་ནང་ཞུགས་ཐུབ་པ་ནི་ངའི་མེ་ཚེའི་ནང་གི་དོན་སྙིང་ཆེ་ཤོས་ཀྱི་བྱ་བ་རེད་ཅེས་བཤད།