འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་30ཉིན།

༄༅༎མཉམ་འབྲེལ་རྒྱལ་ཚོགས་ཀྱིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》ལ་མིང་རྟགས་བཀོད་ནས་
ལོ་75འཁོར་བར་དྲན་གསོ་ཞུས་པ།

ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱ་རྒྱུའི་བསྐྱར་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་30ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་ཟླ་6ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》ལ་མིང་རྟགས་བཀོད་ནས་ལོ་75འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་དྲ་ཐོག་ཏུ་སྤེལ་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སི་དང་། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་མུའུ་ཧན་མུའོ་ཏེ·པན་ཏི། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི། རྒྱལ་སྤྱིའི་ཁྲིམས་ཁང་གི་ཡོན་ཀྲང་། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་ཀྲུང་གོའི་འཐུས་མི་སོགས་ཕེབས་ཡོད་པ་རེད།
     ཀུའུ་ཐེ་ལེ་སིའི་ཤིས་ཚིག་ནང་། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱིས“ཞིག་རོའི་ཁྲོད་ཀྱི་འཛམ་གླིང་ལ་སྒྲིག་སྲོལ་དང་རེ་བ་སྦྱིན་པས” “ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད” གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་དང་ཉེན་ཁ་ཉིན་རེ་བཞིན་མང་དུ་འགྲོ་བ་དང་བསྟུན་ནས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》ལ་མིང་རྟགས་བཀོད་པར་དྲན་གསོ་ཞུས་པར་སྤྱིར་བཏང་མིན་པའི་དོན་སྙིང་ལྡན་ཡོད་ཅེས་བརྗོད།
     ཀུའུ་ཐེ་ལེ་སིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕྱོགས་མང་རིང་ལུགས་མུ་མཐུད་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བྱས་ཤིང་། ཁོང་གིས་ཕྱོགས་མང་རིང་ལུགས་ཀྱིས་ཚེ་སྲོག་དུ་མ་བསྐྱབས་ཡོད་ལ་མིའི་རིགས་ཀྱི་འཚོ་བ་ཡང་ལེགས་སུ་བཏང་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“དཔའ་ངར་དང་མཐུན་སྒྲིལ”གྱི་ཐོག་ནས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་དོན་གཉེར། འདྲ་མཉམ་དང་། གནམ་གཤིས་ཀྱི་བྱ་སྤྱོད། ལྗང་མདོག་འཕེལ་རྒྱས་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཞེས་འཁོད་ཡོད།
     མུའུ་ཧན་མུའོ་ཏེ·པན་ཏིས། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱིས་ཞི་བདེ་དང་འདྲ་མཉམ་གྱི་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་གཞོལ་བཞིན་ཡོད། “ད་ལྟ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕེལ་རྒྱས་མ་ལག་ཆེན་པོ་ཞིག་ཡོད་པའི་དགོས་མཁོ་ཆེན་པོ་ཡོད”ཅེས་བརྗོད།
     མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུའོ་ན·ཡུར་གྱིས། “འཛམ་གླིང་འདི་ཉིད་ང་ཚོའི་མིག་མདུན་དུ་འགྱུར་ལྡོག་འགྲོ་བཞིན་ཡོད” ཏོག་གསར་གློ་ཚད་རིམས་ནད་ཀྱིས་བཟོས་པའི་འགྲན་སློང་དྲག་པོས“རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པའི་ཉེན་བརྡ་བཏང་ཡོད” རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་དམིགས་ཡུལ་དང་རྩ་དོན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་བྱེད་དགོས་ཞེས་བརྗོད།
     མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་བཞུགས་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྱིས། རྒྱལ་ཁབ་དང་མི་དམངས་ཚང་མ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་སྲུང་སྐྱོང་པར་འགྱུར་བ་བྱེད་དགོས། ཏོག་གསར་གློ་ཚད་རིམས་ནད་ལས་ཕྱོགས་མང་རིང་ལུགས་ཀྱི་གལ་ཆེའི་རང་བཞིན་བསྐྱར་དུ་མངོན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྔ་ཕྱི་བར་གསུམ་དུ་རྒྱལ་སྤྱིའི་མཐུན་སྒྲིལ་དང་མཉམ་ལས་ལ་གཞོལ་ནས་རྒྱལ་སྤྱིའི་མ་ལག་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་གནས་བབ་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་བརྗོད།
     1945ལོའི་ཟླ་6ཚེས་25ཉིན་ཀྲུང་གོ་ཚུད་པའི་རྒྱལ་ཁབ་50ཡི་འཐུས་མི་288ཀྱིས་ཨ་རིའི་ཅིའུ་ཅིན་ཧྲན་དུ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་འབྲེལ་ཚེས་26ཉིན་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པ་རེད། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》ནང་མིའི་རིགས་ལ་དམག་འཁྲུག་གི་གནོད་འཚེ་བསྐྱར་དུ་མི་ཕོག་པའི་ཆོད་སེམས་མཚོན་པ་དང་ད་དུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་ཡུལ་དང་། རྩ་དོན། དབང་ཆ། འོས་འགན་བཅས་དང་དེ་བཞིན་སྒྲིག་གཞི་གཙོ་བོའི་འགན་དབང་གི་ཁྱབ་ཁོངས་སོགས་གཏན་འབེབས་བྱས་ཡོད།