འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་29ཉིན།

༄༅༎ཐའོ་ཧྲེང་ཧྥེ་དང་པད་མ་མེ་ཏོག འཆམ་མཐུན་བདེ་སྐྱིད་ཀྱི་ཁྱིམ་ཚང་གཅིག

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་29ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་དང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གཉིས་ཀ་འཕྲེད་ཐིག་བྱང་མའི30°ཡི་ཉེ་འགྲམ་དུ་གནས་ལ། གཅིག་ནི་འཕྲེད་ཐིག་བྱང་མའི30°ཡི་ལྷོ་རྒྱུད་དུ་གནས་ཡོད་པ་དང་། གཅིག་ནི་འཕྲེད་ཐིག་བྱང་མའི་30°ཡི་བྱང་རྒྱུད་དུ་གནས་ཡོད་མོད། འོན་ཀྱང་གྲོང་ཁྱེར་གཉིས་དབར་བར་ཐག་སྤྱི་ལེ་3000ལྷག་ཙམ་ཡོད།
     བར་ཐག་འདི་ལྟར་རིང་ཡང་ཐའོ་ཧྲེང་ཧྥེ་དང་པད་མ་མེ་ཏོག་གིས་འཆམ་མཐུན་དང་བདེ་སྐྱིད་ལྡན་པའི་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཞིག་འཛུགས་པ་ནི་སུས་ཀྱང་བསམ་མི་ཐུབ་བ་ཞིག་རེད།
     2014ཚོའི་ཟླ་9པར། བརྩེ་དུང་གི་དབང་གིས་ཁོང་གཉིས་ཀྱིས་མི་ཚེ་མཉམ་དུ་སྐྱེལ་རྒྱུའི་ཐག་བཅད་བྱས། དེ་ནས་བཟུང་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་དང་བོད་ལྗོངས་ཆབ་མདོ་གཉིས་ཁོང་གཉིས་པོའི་ཐུན་མོང་གི་ཁྱིམ་དུ་གྱུར།
     གཉེན་སྒྲིག་ནས་ལོ་5ལྷག་ཙམ་སོང་བའི་ནང་ཁོང་གཉིས་ངོ་ཤེས་པ་ནས་མཉམ་དུ་སྡོད་པའི་གནས་ཚུལ་མཐའ་དག་དྲན་གསོ་བྱེད་སྐབས་ཐའོ་ཧྲེང་ཧྥེར་ད་ལྟ་ཡང་ཚོར་སྣང་ཟབ་མོ་ཡོད།
     བཟའ་ཟླ་དང་ལས་འཕྲོའི་སྐོར་བརྗོད་སྐབས། དེ་ནི་ཐའོ་ཧྲེང་ཧྥེ་ཡི་ཆུང་དུས་ཀྱི་ཕུགས་འདུན་ཏེ་མཐའ་སྲུང་དམག་མི་ཞིག་བྱེད་འདོད་པ་ནས་བརྗོད་དགོས།
     2010ལོའི་ཟླ་12པར་སློབ་ཆེན་ལོ་རིམ་དང་པོ་འདོན་བཞིན་པའི་ཐའོ་ཧྲེང་ཧྥེ་ཡིས་བློ་ཐག་ཆོད་པོས་དམག་མིར་ཞུགས།
     “མཐའ་སྲུང་དམག་མི་ཞིག་བྱས་ཏེ་མེས་རྒྱལ་གྱི་མཐའ་མཚམས་ལ་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཆུང་དུས་ཀྱི་ཕུགས་འདུན་ཡིན། ངས་དེ་མངོན་འགྱུར་བྱེད་འདོད་ཡོད”ཅེས་ཁྱིམ་ནང་གི་བུ་གཅིག་པུ་དེ་ཡིན་པའི་ཁོང་ལ་ཕ་མ་གཉིས་ཀྱིས་ངོ་རྒོལ་བྱས་དུས་ཁོང་གིས་ཚིག་ཐག་ཆོད་པོས་ཕ་མ་གཉིས་ལ་རང་ཉིད་ཀྱི་བསམ་ཚུལ་བརྗོད། སྤོ་བོ་ལགས་ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་ནས་དམག་མིར་ཞུགས་པ་དང་ཨ་ཞང་ལགས་ཀྱང་དམག་མི་ཡིན་པར་བརྟེན་ཆུང་དུས་ནས་དམག་མི་བྱེད་རྒྱུ་ནི་ཐའོ་ཧྲེང་ཧྥེ་ཡི་ཕུགས་འདུན་ཆེ་ཤོས་དེ་ཡིན།
      བསམ་ཡུལ་ལས་འདས་པ་ཞིག་ནི་ཕུགས་འདུན་སྒྲུབ་པའི་དུས་མཚུངས་སུ་རང་ཉིད་ལ་མི་ཚེའི་གཏན་གྲོགས་ཏེ་སྤྲོ་སེམས་བག་ཡངས་ཀྱི་བོད་ཀྱི་བུ་མོ་པད་མ་མེ་ཏོག་དང་ཐུག་འཕྲད་བྱུང་བ་རེད།
     “ངའི་དམག་མི་བྱས་སའི་ས་ཚིགས་ཐོག་མ་ནི་ལྷོ་ཁ་ས་ཁུལ་མཚོ་སྣ་རྫོང་ཡིན། རྗེས་སུ་གཞུང་ལས་པའི་རྒྱུགས་འཕྲོད་ནས་ཆབ་མདོའི་མཛོ་སྒང་ལ་ལས་བགོས་བྱས་པ་དང་། མཛོ་སྒང་ནས་ངའི་བཟའ་ཟླ་པད་མ་མེ་ཏོག་ངོ་ཤེས་བྱུང”ཞེས་ཐའོ་ཧྲེང་ཧྥེ་ཡིས་བཤད།
     ཐའོ་ཧྲེང་ཧྥེ་ཡིས་གསར་འགོད་པར“2013ལོའི་ཟླ་10པར་མཛོ་སྒང་རྫོང་འབམ་མདའ་གྲོང་ཚོར་ཐོག་མར་སླེབས་སྐབས། 8·12ས་ཡོམ་བརྒྱབ་ནས་ཟླ་གཉིས་ལས་སོང་མེད་པས་གྲོང་ཚོར་གེགས་རྗེས་བསྐྱར་སྐྲུན་གྱི་ལས་འགན་ལྕི་པོ་འདུག་ལ་ཆ་རྐྱེན་ཡང་ཧ་ཅང་སྐྱོ་པོ་འདུག”ཅེས་བཤད།
     དགུན་གྲང་ཤོས་ཀྱི་དུས་སུ་ཐའོ་ཧྲེང་ཧྥེ་ཡིས་སྦག་སྦག་བཞོན་ནས་གྲོང་སྡོད་ལས་བྱེད་པ་དང་མཉམ་དུ་ཐེམ་ཐོག་གྲོང་རྡལ་དུ་དངོས་ཟོག་ཉོ་བར་འགྲོ་དགོས་པ་དང་། རི་སྟེང་དུ་གངས་བབས་ནས་ལམ་འགག་པར་བརྟེན་ཞོགས་པ་ཆུ་ཚོད་10པ་ནས་ཐོན་ཡང་ཕྱི་དྲོའི་ཆུ་ཚོད་6པར་གཞི་ནས་གྲོང་རྡལ་དུ་འབྱོར་གྱི་ཡོད། བཀྲེས་ལྟོགས་ཀྱིས་མནར་བའི་སྐབས་སུ་བོད་རིགས་བུ་མོ་ཞིག་གིས་ཁོང་ཚོར་ཆུ་ཚ་པོ་ཕོར་པ་གང་སྟེར་མཁན་འདི་ནི་པད་མ་མེ་ཏོག་ཡིན་པ་རེད།
     “སྐབས་དེ་དུས་ངའི་སྣང་བར་བུ་མོ་དེ་སེམས་བཟང་ཅན་ཞིག་ཡིན་པ་ཤེས་བྱུང་། རྗེས་སུ་ལས་ཀ་བྱེད་སྐབས་ང་ཚོའི་དབར་དེ་བས་ཉེ་རུ་ཕྱིན་ནས་ཁོ་མོའི་ལུས་ཐོག་གི་དགེ་མཚན་མང་པོས་ངའི་ཡིད་དབང་འཕྲོགས། དེ་ནས་ང་དང་ཁོང་གཉིས་དགའ་རོགས་སྒྲིག་པ་ཡིན”ཞེས་ཐའོ་ཧྲེང་ཧྥེ་ཡིས་བཤད།
     “ཁོང་མི་ཡག་པོ་ཞིག་རེད། འབམ་མདའ་གྲོང་ཚོར་ཁོང་གིས་ནུས་པས་ལྕོགས་ཚོད་ཀྱིས་མི་སེར་ལ་བྱ་བ་དངོས་སྒྲུབ་པ་དང་། དབུལ་སྐྱོར་རྣམ་གྲངས་བརྩོན་ལེན་བྱེད་པ། གྲོང་ཚོར་མཉམ་སྡེབ་དཔལ་འབྱོར་འཛུགས་པ་བཅས་བྱས་ནས་ང་ཚོ་བོད་རིགས་མི་སེར་ཚོར་ཕན་ཐོགས་ཡོད་པའི་བྱ་བ་མང་པོ་བསྒྲུབས་ཡོད”ནང་སར་ལོ་བཅུ་གྲངས་སློབ་གྲྭ་འགྲིམ་མྱོང་བའི་པད་མ་མེ་ཏོག་གིས་ཀྱང་ཁོང་ལ་བག་ཆགས་བཟང་པོ་ཡོད་སྟབས། 2014ལོའི་ཟླ་9པར་ཁོང་གཉིས་གཉེན་སྒྲིག་བྱས།
     2014ལོར་མཛོ་སྒང་རྫོང་འདི་ཉིད་ད་དུང་ཤིན་ཏུ་དབུལ་བའི་རྫོང་ཡིན་པར་བརྟེན་གཞོན་ནུ་དེ་གཉིས་ཀྱིས་སྒེར་སེམས་སྤུ་ཙམ་མེད་པར་གཞི་རིམ་གྱི་ལས་དོན་ནང་ཞུགས། ད་ཆ་ཁོང་གཉིས་ཀྱིས་ཕན་ཚུན་རོགས་པ་བྱེད་རེས་བྱས་ཏེ་སྤྱིར་བཏང་གི་ལས་གནས་ཐོག་རང་ཉིད་ཀྱི་ནུས་ཤུགས་འདོན་བཞིན་ཡོད།
     “ངས་བོད་སྐད་མ་ཤེས་པས་ཁོ་མོས་ང་ལ་སློབ་ཀྱི་ཡོད། ལས་ཀའི་ནང་དཀའ་གནད་འཕྲད་སྐབས་ཁོང་གིས་ང་ལ་སུན་སྣང་མེད་པར་བློ་སྒོ་འབྱེད་ཀྱི་ཡོད། དཀའ་ཚེགས་ཆེ་ཤོས་ཀྱི་དུས་སུ་ཁོ་མོས་ང་ལ་སྟོབས་ཤུགས་མང་པོ་སྤྲད་བྱུང”ཞེས་ཐའོ་ཧྲེང་ཧྥེ་ཡིས་དྲིན་ཚོར་བཞིན་འཛུམ་དམུལ་དམུལ་ངང་བཤད།
     གཉེན་སྒྲིག་བྱས་ནས་ཡུན་རིང་མ་སོང་བར། ཁོང་གཉིས་ལ་སྤྱང་གྲུང་ལྡན་པའི་བུ་ཐའོ་ཡུན་ཁུན་སྐྱེས་པ་དང་བུ་ལ་ད་དུང་བོད་རིགས་ཀྱི་མིང་སྙན་པོ་ཞིག་ཡོད་པ་ནི་བསྟན་འཛིན་ཟླ་བ་ཟེར།
     གཞི་རིམ་དུ་ལོ་7བསྡད་པའི་ལོ་ཟླའི་ནང་ཁོང་གཉིས་ལ་སྦྱོང་བརྡར་ཆེན་པོ་ཐེབས་ཡོད། 2019ལོའི་ཟླ་7པར་ཐའོ་ཧྲེང་ཧྥེ་ཆབ་མདོ་གྲོང་ཨུད་རྩ་འཛུགས་པུའུ་རུ་ལས་བྱེད་སྐོང་གཡར་བྱས་པ་དང་ཕྱི་ལོའི་ཟླ་གསུམ་པར་པད་མ་མེ་ཏོག་ཀྱང་བྲག་གཡབ་རྫོང་ཁྲིམས་ཁང་དུ་རྒྱུགས་འཕྲོད་པ་རེད།
     “ད་ཆ་བུ་ལོ་5ལ་སླེབས་པ་དང་བཟའ་ཟླས་ཉར་ནས་བྲག་གཡབ་རྫོང་བུ་བཅོལ་ཁང་དུ་འགྲོ་གི་ཡོད། སྒྱུག་པོ་དང་སྒྱུག་མོས་ཀྱང་ཕྲུ་གུ་ཉར་རོགས་བྱེད་ཀྱི་ཡོད། ཁོང་གཉིས་པོས་ཕྲུ་གུར་སློབ་གསོ་ཡག་པོ་བརྒྱབ་སྟབས་བུ་ཁ་ལ་ཧ་ཅང་ཉན་པོ་ཡོད”ཅེས་ཐའོ་ཧྲེང་ཧྥེ་ཡིས་སྤོབས་པ་ཆེན་པོས་བཤད།
     རྒྱ་རིགས་ཀྱི་མག་པ་དེར་སྒྱུག་པོ་བུ་དགའ་དང་སྒྱུག་མོ་མཚོ་དགའ་ཧ་ཅང་མོས་པོ་བྱེད་ཀྱི་ཡོད།
     “ངའི་ཨ་མས་ཁོང་གི་ས་ནས་རྒྱ་སྐད་སྦྱོང་གི་ཡོད”དེས་མ་ཚད་ཕ་ཡུལ་ཀྲེ་ཅང་དུ་ལོག་རིམ་བཞིན། ལོ་ལྔ་ལ་སླེབས་པའི་ཡུན་ཁུན་གྱིས་ལོ་50ལ་སླེབས་པའི་སྤོ་བོ་དང་རྨོ་བོར་བོད་སྐད་སྟབས་བདེ་ཁ་ཤས་སློབ་ཀྱི་ཡོད་པས་ནང་མི་ཚང་མ་ཧ་ཅང་འཆམ་མཐུན་བདེ་སྐྱིད་ལྡན་པ་ཞིག་ཡོད་ཅེས་པད་མ་མེ་ཏོག་གིས་བརྗོད།
     ད་ཆ་བཟའ་ཚོ་གཉིས་ཀྱིས་འབད་བརྩོན་བྱས་པ་བརྒྱུད་ཁྱིམ་དུ་རླངས་འཁོར་ཞིག་ཀྱང་ཉོས་པ་དང་། སླད་ཕྱིན་གྱི་འཚོ་བ་ཡང་ཇེ་ལེགས་སུ་འགྲོ་ངེས་རེད།