འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་28ཉིན།

༄༅༎ལག་ཤེས་རྒྱུན་འཛིན་བྱེད་པ།

—ལག་ཤེས་པ་མིག་དམར་གྱི་གཏམ་རྒྱུད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་28ཉིན། 12:05】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་མིག་དམར་གྱིས་ནན་ཏན་ངང་ལས་ཀ་བྱེད་བཞིན་པ།
འདི་ནི་མིག་དམར་གྱིས་ནན་ཏན་ངང་ལས་ཀ་བྱེད་བཞིན་པ།
     མི་དམངས་དྲ་བའི་འཕྲིན། ཟངས་རྡུང་པའི་སྒྲ་གྲགས་པ་དང་བསྟུན་ཏེ། སྟོད་ལུང་བདེ་ཆེན་ཆུས་སྒང་གྲོང་ཚོའི་ཚོགས་ཆུང་བདུན་པར་གནས་པའི་བོད་ལྗོངས་མེ་ལོང་ཟངས་ཚག་རྐོས་མ་ཚད་ཡོད་ཀུང་སིར་སྐྱོད་པས་ན། བོད་བཟོའི་ཐོག་སོ་བཞི་ལྡན་གྱི་ཁང་པ་དཀར་པོ་ཞིག་འགྱིང་ངེར་གནས་པ་དང་། སྒོ་རའི་ནང་གྲལ་འགྲིག་ལ་གཙང་སྦྲ་དོད་པ། ཐོག་སོ་གསུམ་པའི་ཚག་ཁང་དུ་ཕྱིན་པས་ན། དེར་མིག་དམར་གྱི་དགེ་ཕྲུག་གསུམ་གྱིས་ཞིབ་ཚགས་ངང་ཟངས་ཚག་རྒྱག་བཞིན་འདུག
     ཚག་ཁང་དུ་སླེབས་སྐབས། མིག་དམར་གྱིས་ཟངས་ཚག་རྒྱག་སའི་སྟེགས་བུའི་མདུན་དུ་བསྡད་ནས་ཟངས་ཚག་རྒྱག་སྐབས་སྤྱོད་པའི་ཚག་རིས་འབྲི་འགོ་ཚུགས། དགེ་ཕྲུག་ཚོས་ལག་ཆ་སྤྱད་དེ་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་ཟངས་ལ་ཚག་རྒྱག་བཞིན་འདུག མིག་དམར་གྱིས་ཟངས་ལ་ཚག་རྒྱག་སྐབས་ཐོ་བས་ཡང་ཡང་བརྡུངས་དགོས་པས། ཉིན་ལྟར་ཆུ་ཚོད་བཅུ་གྲངས་ཁ་ཤས་འགོར་གྱི་ཡོད། དེ་ནི་ངང་རྒྱུད་རིང་ལ་ཞིབ་ཚགས་པའི་ལས་ཀ་ཞིག་རེད་ཅེས་གསར་འགོད་པར་བཤད་བྱུང་།
     འདི་ལོ་ལོ་34ལ་སླེབས་པའི་མིག་དམར་ནི་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་གི་སྒང་གྲོང་ཚོ་ནས་ཡིན་པ་དང་། འཚོ་བའི་འཁོད་ཀ་ཞན་པའི་རྐྱེན་གྱིས་སློབ་ཆུང་གི་ལོ་རིམ་དྲུག་པ་ཐོན་རྗེས། ཕ་མས་ཞོལ་འདོད་དཔལ་གྱི་ཟངས་ཚག་ལག་རྩལ་ཆེ་མོ་བ་ཚེ་རིང་ཕུན་ཚོགས་ཀྱི་སར་ལག་ཤེས་སྦྱོང་བར་བཏང་ཞིང་། དེ་དུས་ཁོང་ལོ་12རེད། དགེ་རྒན་གྱིས་དམ་ནན་གནང་བར་བརྟེན། མིག་དམར་གྱིས་ཟངས་ཚག་རྒྱག་པའི་གནའ་བོའི་ལག་ཤེས་རིམ་བཞིན་ཁོང་དུ་ཆུད་དེ། དེ་སྔ་ལག་ཤེས་མ་སྦྱངས་ཀ་མེད་བྱུང་བའི་དགེ་ཕྲུག་ཞིག་ནས་ཟངས་ཚག་རྒྱག་རྒྱུར་ཤིན་ཏུ་དགའ་བའི་ལག་ཤེས་པ་ཞིག་ཏུ་གྱུར་པ་རེད།
     ལོ་གཉིས་སོང་རྗེས་དགེ་རྒན་ཚེ་ལས་འདས། དགེ་རྒན་གྱི་ཤན་བཟང་པོ་ཞུགས་པས་མིག་དམར་གྱིས་གནའ་བོའི་ཟངས་ཚག་རྒྱག་པའི་ལག་རྩལ་རྒྱུན་འཛིན་བྱས་ནས་དར་སྤེལ་གཏོང་རྒྱུའི་བློ་ཐག་བཅད་པ་རེད།
     དེ་རྗེས་མིག་དམར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གནའ་བོའི་འཛུགས་སྐྲུན་མཛེས་རྩལ་ཀུང་སིར་འོང་སྟེ། ལག་རྩལ་པ་སྤེན་པའི་ས་ནས་ཚག་རྒྱག་པའི་ལག་རྩལ་སྦྱངས། ལག་རྩལ་སྦྱོང་བའི་ལོ་18རིང་། ཟངས་ཚག་རྒྱག་རྒྱུར་དགའ་ཞེན་དང་སྙིང་རུས་ཆེ་བས། མིག་དམར་གྱི་ལག་རྩལ་བྱང་ཆུབ་པར་གྱུར་ཞིང་། ཁོང་གིས་ཚག་བརྒྱབ་པའི《ལོ་འཁོར་བཅུ་གཉིས》དང་། 《ཟངས་ཀྱི་ཐབ》 《བྱང་ཆུབ་མཆོད་རྟེན》 《སྟོན་པའི་ཟངས་ཀྱི་སྐུ་བརྙན》སོགས་ལ་ལག་ཤེས་བཟོ་རྩལ་སྣ་ཚོགས་ཀྱི་འགྲན་བསྡུར་ཆེ་མོའི་ནང་སྔ་རྗེས་སུ་བྱ་དགའ་ཐོབ་ཡོད།
     2013ལོར་ལོ་28ལ་སླེབས་པའི་མིག་དམར་ལག་རྩལ་མཐར་ཕྱིན་ཏེ། ལོ་དེར་ལྷ་སའི་བྱང་འདབས་སུ་ཁང་པ་ཞིག་གླས་ནས་རང་ཉིད་ཀྱི་ཟངས་ཚག་ཁང་བཙུགས་ཏེ་ཉིན་གང་ལས་ཀ་བྱས་ནས་སྡོད་ཀྱི་ཡོད། ལོ་ཕྱེད་ཀྱི་རྗེས་སུ་མིག་དམར་ལ་ལྷོ་ཁ་ནས་ཡིན་པའི་སྦྱིན་བདག་གཅིག་གིས་མཐོ་ཚད་ལ་སྨི་8ཟིན་པའི་བོད་བཟོའི་ལམ་སྒྲོན་ཞིག་བཟོ་བའི་མངགས་ཐོ་རག་པ་རེད། མངགས་ཐོ་དེ་ལེགས་གྲུབ་ཡག་པོ་ཡོང་ཆེད། མིག་དམར་གྱིས་ཉིན་གང་ལམ་སྒྲོན་ལ་ཚག་རྒྱག་པའི་ལས་ལ་གཞོལ་ནས་ཟླ་བ་གཉིས་འགོར་ཡོད། མཐར་ཚག་བརྒྱབ་པའི་ལམ་སྒྲོན་ལ་སྦྱིན་བདག་གི་གདེང་འཇོག་ཆེན་པོ་ཐོབ་པས་འབྱུང་འགྱུར་ལས་ཀ་མུ་མཐུད་ཡག་པོ་བསྒྲུབ་རྒྱུའི་སེམས་ཤུགས་ཆེས་ཆེར་འཕེལ་བ་རེད།
     ཉིན་ཞིག་མིག་དམར་ལ་གློ་བུར་དུ་བློ་སྐྱེད་ཅིག་བྱུང་བ་སྟེ། “ཐེངས་ཤིག་ངའི་གྲོགས་པོའི་ཚོང་ཁང་ནང་ཡུལ་སྐོར་བ་ཞིག་ཡོང་སྟེ། ཞལ་ཐང་ཉོ་གི་ཡིན་ཟེར་བ་དང་། ཡུལ་སྐོར་བ་དེས་རང་ཉིད་ཀྱི་ཕ་ཡུལ་བཞའ་ཚན་ཆེ་བས་ཞལ་ཐང་ཉོས་ཚེ་ཚོས་གཞི་ལོག་པའི་སེམས་ཁྲལ་བྱེད་པ་ཤེས་པས། དེའི་ཚེ་ཚག་བརྒྱབ་པའི་ཞལ་ཐང་བཟོས་ན་མི་འགྲིག་པ་མེད་པའི་བསམ་བློ་འཁོར”ཏེ་མིག་དམར་གྱིས་ཚོད་ལྟ་བྱས་པ་བརྒྱུད་ལེགས་གྲུབ་བྱུང་ནས་ཐེངས་དང་པོར“ཚག་བརྐོས་ཞལ་ཐང”20བཟོས་པ་ཚང་མ་འཁྱུག་ཙམ་ནང་བྲིན་པ་རེད།
     བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་སྦྲགས། མི་རིགས་ལག་ཤེས་ཐོན་རྫས་ལ་ཡང་སྔར་བྱུང་མྱོང་མེད་པའི་ཁྲོམ་ར་དང་འཕེལ་རྒྱས་ཀྱི་གོ་སྐབས་བྱུང་བའི་སྐབས་སུ། མིག་དམར་གྱིས་གོ་སྐབས་དེ་དང་བསྟུན་ཏེ་བོད་ལྗོངས་ཟངས་ཚག་རྐོས་མ་ཚད་ཡོད་ཀུང་སི་ཐོ་འགོད་བྱས་ནས་རང་ལྗོངས་ཀྱི་ས་གནས་ཁག་ནས་ཚག་ལས་ལ་དགའ་བའི་དགེ་ཕྲུག་མང་པོ་བསྡུས་པ་རེད།
     དེ་རྗེས། མིག་དམར་གྱིས་དགེ་ཕྲུག་དང་མཉམ་དུ་ཚག་བརྒྱབ་པའི་ཕྱེ་མར་འབོ་དང་། སྤོས་གཞོང་། སྐུ་བརྙན་སོགས་མང་པོ་གསར་གཏོད་བྱས་ཡོད། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་དང་ཚག་བརྐོས་ཀྱི་གནའ་བོའི་ལག་རྩལ་ཟུང་འབྲེལ་བྱས་ནས་ཚག་བརྒྱབ་པའི་ཟངས་ཆས་དང་། ཚག་བརྒྱབ་པའི་ཁྱིམ་ཆས། རིག་གནས་གསར་གཏོད་ཐོན་རྫས། མི་རིགས་ཀྱི་ཡུལ་སྐོར་ཐོན་རྫས། ཚག་བརྒྱབ་པའི་མཛེས་སྤྲོས་ཐོན་རྫས་སོགས་གསར་གཏོད་མང་པོ་བྱས་པར་ས་གནས་དེ་གའི་མང་ཚོགས་དང་ནང་སའི་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་པ་མ་ཟད། ཐོན་རྫས་ཀྱི་ཚོང་ལམ་ཡང་ཇེ་ཆེར་ཕྱིན་ནས་ཀུང་སི་དེ་ལས་རིགས་གཅིག་པའི་ཁྲོད་ནས་འབུར་དུ་ཐོན་ཡོད་པ་རེད།
     མི་དེ་བས་མང་བས་ཁོང་གི་སྒྱུ་རྩལ་ཐོན་རྫས་ལ་རྒྱུས་མངའ་ཡོང་ཆེད། མིག་དམར་གྱིས་ལས་རིགས་སློབ་གྲྭ་ཁག་གཅིག་ཏུ་གསོ་སྦྱོང་བྱེད་པར་འགྲོ་གི་ཡོད། “ལག་ཤེས་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས་མེས་པོས་བཞག་པའི་ལག་ཤེས་རྒྱུན་འཛིན་ཡག་པོ་བྱས་ནས་མི་རིགས་ཀྱི་རིག་གནས་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་མིག་དམར་གྱིས་བཤད།
     ད་ཆ་ཀུང་སིར་ལས་མི་6ཡོད་པ་དང་། དེར་ལག་ཤེས་སྦྱོང་མཁན་དགེ་ཕྲུག་ཚང་མས་ལྟོ་རིན་དང་ཁང་རིན་སྤྲོད་མི་དགོས་པ་མ་ཟད། ལག་ཤེས་སྦྱོང་བར་སློབ་ཡོན་ཡང་སྤྲོད་མི་དགོས་པའི་ཁར་ཟླ་བ་རེར་འཚོ་བའི་ཁ་གསབ་སྒོར་800ལེན་རྒྱུ་ཡོད་པ་རེད།
【1】  【2】  【3】
༄༅༎ལག་ཤེས་རྒྱུན་འཛིན་བྱེད་པ།