འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་24ཉིན།

༄༅༎མཚོ་བོད་ས་མཐོར་རང་ཉིད་ཀྱི་ཕུགས་འདུན་འགྲུབ་པར་འབད།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་24ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ། ཨན་ཕེང(གཡས)དང་བཟའ་ཟླས་རང་ཉིད་ཀྱི་ལག་ཤེས་ཐོན་རྫས་ཚོང་ཁང་དུ་བརྒྱབ་པའི་དྲན་རྟེན་པར་ཡིན་པ།
འདི་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ། ཨན་ཕེང(གཡས)དང་བཟའ་ཟླས་རང་ཉིད་ཀྱི་ལག་ཤེས་ཐོན་རྫས་ཚོང་ཁང་དུ་བརྒྱབ་པའི་དྲན་རྟེན་པར་ཡིན་པ།
     མཚོ་བོད་ས་མཐོར་གངས་རི་དང་འཁྱག་རོམ་མང་པོ་བསྟར་ལ་བརྒྱུས་ཤིང་། མུ་མཐའ་མེད་པའི་རྩྭ་ཐང་དང་ཐང་རྒོད་ལ་སོགས་རང་བྱུང་ཡུལ་ལྗོངས་ལྟ་ན་སྡུག་ལ་མི་རིགས་ཀྱི་རིག་གནས་ཕུན་སུམ་ཚོགས་པོ་ཡོད་པ་རེད། ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཟིན་པའི་འཛམ་གླིང་ཐོག་གི“སྣེ་གསུམ་པ”ཞེས་བརྗོད་པའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་འདིར་དམིགས་བསལ་ལྡན་པའི་ངོ་མཚར་གྱིས་ཕྱུག་པས། ཕྱི་རྒྱལ་གྱི་གྲོགས་པོ་མང་པོ་ངང་པ་པད་མཚོར་འཇུག་པ་ཇི་བཞིན་གནས་འདིར་ཡོང་གི་ཡོད།
     ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཕྱི་རྒྱལ་བ་ས་མཐོར་ཡུལ་སྐོར་སྤྲོ་གསེང་ངམ་ཡང་ན་ཕྱི་སྦྱོང་འཚམས་འདྲི་དང་། ཚོང་དོན་སྤེལ་རེས་སམ་ཡང་ན་ཚན་ཞིབ་མཉམ་ལས་བྱེད་པར་ཡོང་གི་ཡོད། དེའི་ནང་ནས་མི་རྣམས་ལ་དམིགས་བསལ་དོ་ཁུར་བྱུང་བ་ནི། མི་ཁག་གཅིག་གིས་ཐག་རིང་ནས་ཡོང་སྟེ་ས་མཐོར་རྩ་བ་ཚུགས་ཤིང་། སྨན་བཅོས་རོགས་སྐྱོབ་ལ་ཞུགས་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་རོགས་སྐྱོར་བྱེད་པ། ལུས་རྩལ་སློབ་ཁྲིད་ལ་ཧུར་ཐག་གཞོལ་བ། གནས་དེ་གའི་ཞིམ་ཟས་གསར་གཏོད་སོགས་ཀྱི་བྱ་བ་སྣ་ཚོགས་བསྒྲུབས་ནས། རི་བོ་མང་པོའི་སྣེ་དང་གཙང་ཆུ་མང་པོའི་ཆུ་འགོ་ཞེས་སུ་གྲགས་པའི་འཛམ་གླིང་གི་ཡང་རྩེར་རང་ཉིད་ཀྱི་ཕུགས་འདུན་འགྲུབ་པར་བརྩོན་པ་རེད།
     རྒྱ་མཚོ་བརྒལ་ནས་ཁྱེད་ལ་ལྟ་བར་ཡོང་།
     ཅུད་རུའེ་ཤིན་གྱི་སྐད་འཕྲིན་ངོ་པར་ཕྱེ་ནས་ལྟ་སྐབས། མི་སེམས་དྲོ་བའི་དྲན་རྟེན་འདྲ་པར་ཞིག་མིག་མདུན་དུ་འཆར་ཞིང་། འདྲ་པར་ནང་ཁོ་མོས་ལྷ་རྗེའི་གོས་དཀར་གྱོན་པ་དང་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་ལ། འཁྲིས་སུ་ཡོད་པའི་བོད་རིགས་བུད་མེད་ཅིག་གི་པང་ཁའི་ནང་ཕྲུ་གུ་ཞིག་ཉར་འདུག ཁོ་མོས“འདི་ནི་ངའི་ནད་པ་རེད། ཁོང་གིས་རྟག་ཏུ་ཕྲུ་གུ་པང་དུ་བཏབ་ནས་ང་ལ་ལྟ་བར་ཡོང་གི་འདུག”ཅེས་བརྗོད།
     སྣ་གདོང་བཟང་ལ་གཟུགས་པོ་རིང་བའི་སུའེ་ཙེར་གྱི་བུད་མེད་སྨན་པ་འདི་ནི། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་བུད་མེད་ཚན་ཁག་གི་ལག་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་ཡིན་ཞིང་། 2007ལོར། ཁོང་དང་ཁྱོ་བོ་ཆའོ་ནཱ་སན་གཉིས་སྨན་ཁང་གི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གདན་ཞུའི་རྣམ་གྲངས་བརྒྱུད་མཚོ་སྔོན་དུ་ཡོང་བ་རེད།
     མཚོ་བོད་ས་མཐོའི་བྱང་ཤར་རྒྱུད་དུ་གནས་པའི་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་ཆུ་ཚད་ནང་སའི་གྲོང་ཁྱེར་དང་བསྡུར་ན་ཧེ་བག་ཆེ་ཙམ་ཡོད་ཅིང་། “ད་ལྟ་ཞིང་འབྲོག་པ་དེ་བས་མང་པོ་གཞི་རིམ་མམ་ཡང་ན་ཞིང་ཆེན་གྱི་ལྟེ་གནས་སྨན་བཅོས་སྒྲིག་གཞིར་ཕྲུ་གུ་སྐྱེ་རྒྱུའི་གདམ་ག་བྱེད་ཀྱི་འདུག ཞིང་འབྲོག་ཁུལ་གྱི་ནད་པས་ནད་བསྟེན་དཀའ་བ་དང་ལྟ་དཀའ་བའི་གནད་དོན་རིམ་གྱིས་ཐག་གཅོད་ཐུབ་ཀྱི་འདུག་པས། འདི་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་ང་ལ་མྱོང་ཚོར་ཆེན་པོ་བྱུང”ཞེས་ཅུད་རུའེ་ཤིན་གྱིས་བརྗོད།
     ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་དེ་བས་མང་བ་ཀྲུང་གོར་ལས་ཀ་བྱེད་པར་ཡོང་ཞིང་། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་ཁོ་ནར་མཚོན་ན། བུ་བཙའི་ཚན་ཁག་དང་། དབང་པོ་ལྔའི་ཚན་ཁག མྱུར་སྐྱོབ་གསོ་སྦྱོང་སོགས་ཚན་ཁག་མང་པོར་སྔ་རྗེས་སུ་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་13གདན་དྲངས་ནས་སྔོན་ཐོན་ལག་རྩལ་གྱི་རྣམ་གྲངས་མང་པོ་ལག་ལེན་བསྟར་བ་བརྒྱུད། གནས་དེ་གའི་ནད་པ་གྲངས་ལས་འདས་པར་ཕན་པ་ཐོབ་ཡོད་པ་རེད།
     རྨ་ལྷོའི་བག་ལེབ་དང་། ཡུལ་ཤུལ་གྱི་ཇ་བསྲུབས་མ། ཡ་རྫིའི་སུར་པན། མདོ་ལའི་སེར་ཤ་སོགས་གནས་དེ་གའི་ཞིམ་ཟས་མང་པོ་ཁོ་མོའི་ཁྱིམ་གྱི་གསོལ་ལྕོག་ཐོག་མཐོང་རྒྱུ་ཡོད་པ་དང་། ཅུད་རུའེ་ཤིན་བཟོ་མཁས་པའི་ཚགས་ཤ་དང་སེར་ཤ་བརྔོས་མར་ཕྲུ་གུ་ཚོས་དགའ་ཤོས་བྱེད་ཅིང་། ཁོང་གིས“ང་ཚོ་པི་ས་དང་ཚགས་ཤ་ལྷེབ་ཐུག་ཟ་རྒྱུར་དགའ་པོ་ཡོད་ལ། ལུག་ཤ་བཙོས་མ་དང་ལྷེབ་ཐུག་ལའང་དགའ་པོ་ཡོད། དེ་ཚོ་ཚང་མ་ང་ཚོའི་ཁྱིམ་གྱི་ཞིམ་མངར་ལྡན་པའི་ཟས་མཆོག་ཡིན”ཞེས་བརྗོད།
     ས་མཐོའི“ལྗང་མདོག་ཕུགས་འདུན”དོན་གཉེར་བྱེད་པ།
     ཟི་ལིང་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་30ཡོད་པའི་ཙུང་ཀྲའེ་ཡོན་ས་མཐོའི་རྣམ་པའི་དེང་རབས་གྲོང་ཁྱེར་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་དུ། མོར་ཀེན་གྱིས་ཚོན་མདོག་སྣ་ཚོགས་ཀྱི་སྐྱེ་ལྡན་སྔོ་ཚལ་ཏེ། སུའེ་ཙེར་གྱི་མངར་ཚལ་དང་། མོ་ཞི་ཁོའི་སོ་ལོ་བསྙལ་མ། ཧོ་ལན་གྱི་སྲན་མ་སོགས་བཏོགས་ནས། ཉོ་མཁན་གྱི་ཁྱིམ་དུ་སྐྱེལ་རྒྱུའི་གྲ་སྒྲིག་བྱེད་བཞིན་འདུག
     ཨ་རིའི་ཅ་ལི་ཧྥུའུ་ཉི་ཡ་མངའ་སྡེའི་ཞིང་རར་འཚར་ལོངས་བྱུང་བའི་མོར་ཀེན་ལ་སྔ་མོ་ནས“ཞིང་རའི་ཕུགས་འདུན”ཞིག་ཡོད་ཅིང། རང་ཉིད་སྔོ་ཚལ་འགྱིག་ཤོག་དྲོད་ཁང་ཆེ་མོར་ལས་ཀ་བྱེད་པར་ཡོང་མ་ཐག་པའི་སྐབས་སུ། ཉེ་འཁོར་གྱི་ཡུལ་མི་གཉིས་གསུམ་རྟག་ཏུ་ལྟ་བར་ཡོང་ནས“ཕྱི་རྒྱལ་བས་འདི་གར་ཡོང་ནས་གང་ཞིག་འདེབས་ཀྱི་ཡོད་དམ”ཞེས་ཤོད་པ་སོགས་མོར་ཀེན་གྱི་ད་ལྟའང་གསལ་པོར་དྲན། ཡུན་རིང་གཤིབ་རྗེས། གནས་དེ་གའི་ཡུལ་མི་དང“ཕྱི་རྒྱལ་གྱི་ཞིང་པའི”བར་འབྲེལ་འདྲིས་དམ་ཟབ་བྱུང་བ་མ་ཟད། ད་དུང་ཡུལ་མི་ལ་ལས་མོར་ཀེན་གྱི་སྐྱེ་ལྡན་སྔོ་ཚལ་རྟེན་གཞིར་དྲོད་ཁང་དུ་རྒྱུན་གཏན་གཡོག་བྱེད་ཀྱི་འགན་འཁུར་གྱི་ཡོད་པ་རེད།
     “མཚོ་བོད་ས་མཐོར་འཛམ་གླིང་ཐོག་གི་ས་ཁུལ་གཙང་ཤོས་ཀྱི་གྲས་ཤིག་རེད་ཅེས་འབོད་ཀྱི་ཡོད། འདི་ཁུལ་གྱི་མཁའ་རླུང་གཙང་བ་དང་། ཆུ་སྤུས་ལེགས་པ། ས་རྒྱུར་སྦགས་བཙོག་ཉུང་བ་སོགས་ཡོད། གྲོང་འདབས་སུ་སྐྱེ་ལྡན་སྔོ་ཚལ་རྟེན་གཞི་ཞིག་བཙུགས་པ་ནི་ངའི་ངོས་ནས་བརྗོད་ན་འགྲན་སློང་ཞིག་རེད། ལྗང་མདོག་འཚོ་བ་གཏོད་པའི་འདུ་ཤེས་མི་མང་པོར་བརྒྱུད་སྤྲོད་བྱེད་རྒྱུའི་རེ་བ་ཡོད”ཅེས་མོར་ཀེན་གྱི་མཉམ་ལས་རོགས་ཟླ་ཏན་ཉིར་གྱིས་བརྗོད།
     ཏན་ཉིར་དང་འདྲ་བར། མ་རུའེ་སན་ཡང་ས་མཐོར“ལྗང་མདོག་ཕུགས་འདུན”དོན་གཉེར་བྱེད་མཁན་ཞིག་ཡིན་ཞིང་། “འབྲི་གཡག་ནི་གངས་རི་དང་རྩྭ་ཐང་དང་ཁ་འབྲལ་ཐབས་མེད་ལ། ངས་བཟོས་པའི་འཁྱགས་ཞོ་ལའང་འབྲིའི་འོ་མ་མེད་ན་ཡོང་ཐབས་མེད”ཅེས་ལོ་41ལ་སླེབས་པའི་ཨ་རི་བ་མ་རུའེ་སན་གྱིས་བརྗོད། ཁོང་གིས་ཨ་ར་རིང་པོ་ཞིག་བཞག་པ་དང་། རྒྱ་སྐད་ཆུ་རྒྱུག་རྒྱུག་ཤོད་ཐུབ་པ་མ་ཟད། ད་དུང་བོད་སྐད་ཁ་ཤས་ཀྱང་ཤོད་ཤེས་ཀྱི་ཡོད་པ་རེད།
     2009ལོར། ནང་མི་དང་མཉམ་དུ་ཟི་ལིང་གྲོང་ཁྱེར་དུ་གཞིས་ཆགས་རྗེས། ཁོང་གིས་འབྲོག་པའི་ཁྱིམ་གྱི་འོ་ཇ་དང་། ཇ་བསྲུབས་མ། འབྲི་ཞོ་བཅས་ཀྱི་བྲོ་བ་མྱངས་མྱོང་ལ། ལྗང་མདོག་ལྷད་མེད་ཀྱི་ཞིམ་ཟས་མང་པོ་ལས་ཁོང་ལ་ཞེན་ཆགས་ལོག་བརྗེད་ཀྱི་མྱོང་ཚོར་བྱུང་ཡོད། ལོ་4སོང་རྗེས། ཁོང་གིས་འབྲིའི་འོ་མ་སྤྱད་དེ་ཟི་ལིང་གྲོང་ཁྱེར་གྱི“དྲ་ཐོག་མིང་ཅན”ཞིམ་ཟས་ཏེ། འབྲིའི་འོ་མའི་འཁྱགས་ཞོ་བཟོས་ཡོད་པ་རེད།
     “ཕ་ཡུལ་གཉིས་པར”དྲོ་སྐྱིད་སྦྱིན་པ།
     1998ལོར། ཧོ་ལན་གྱི་གནའ་གྲོང་ཨ་མུའུ་སི་ཧྥུའུ་ཐེ་ཡི་ཨན་ཕེང་ཁྱོ་ཤུག་གཉིས་ཐེངས་དང་པོར་མཚོ་སྔོན་དུ་ཡོང་སྐབས། མཚོ་བོད་ས་མཐོའི་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་གོམས་གཤིས་དང་ལོ་རྒྱུས་མི་ཆོས་ལས་ཁོང་གཉིས་ཀྱི་ཡིད་དབང་ཡོངས་སུ་འཕྲོག་ལ། “འགྲུལ་བཞུད”དེ་ད་བར་ལོ་22རྒྱུན་འཁྱོངས་ཐུབ་པ་སུ་ཡི་ཡིད་ལ་འཁོར།
     2006ལོར། ཨན་ཕེང་གི་ནང་མི་ཚང་མ་ཆ་སྙོམས་ས་བབ་མཐོ་ཚད་སྨི་3660ཟིན་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབལ་རྫོང་དུ་བསྐྱོད་ཅིང་། ས་གནས་དེ་གའི་སྲིད་གཞུང་གི་རོགས་རམ་འོག་ཨན་ཕེང་གིས་ནོར་གྱི་རྩིད་པ་སླ་བ་དང་ལུག་གི་བལ་འཁལ་ཤེས་པའི་འབྲོག་པ་བསྡུ་རུབ་བྱས་ཤིང་། ཁོང་ཚོར་འཁལ་འཕང་དང་བསླས་འཐག་ཡོ་བྱད་སྤྲད་དེ་ལག་ཤེས་ཐོན་རྫས་ཁ་ཤས་བཟོ་རྒྱུའི་སྐུལ་ལྕག་བྱས། ཨན་ཕེང་གིས“ལོ་འདི་དག་རིང་། ང་ཚོས་དལ་བུར་འབྲོག་པའི་འཚོ་བའི་ནང་འདྲིས་པ་དང་འབྲེལ། དེང་རབས་ཀྱི་གསར་གཏོད་དང་ཁོང་ཚོའི་རིག་གནས་མཉམ་འདྲེས་ཐུབ་པར་བྱས་ཡོད”ཅེས་བརྗོད།
     ཨན་ཕེང་གིས“བོད་བཟོའི་ལག་ཤེས་ཐོན་རྫས་ཀྱིས་མཚོ་བོད་ས་མཐོའི་དྲོ་སྐྱིད་བརྒྱུད་སྤྲོད་བྱེད་ཐུབ། མིག་སྔར། ང་ཚོར་རྒྱལ་ནང་དུ་ཕྱིར་འཚོང་བྱ་ཡུལ་30དང་ཕྱི་རྒྱལ་དུ་ཕྱིར་འཚོང་བྱ་ཡུལ་10ཡོད”ཅེས་བརྗོད་པ་དང་། “ཕྱི་རྒྱལ་གྱི་འབྲོག་པའི”སྣེ་ཁྲིད་འོག་མཚོ་ལྷོ་ཀྲོའུ་ཡི་འབྲོག་པའི་ཁྱིམ་ཚང་30ལག་ཤེས་ཐོན་རྫས་བཟོ་བའི་ལས་ལ་ཞུགས་ཏེ་ལག་གཉིས་ལ་བརྟེན་ནས་རང་ཉིད་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་བཞིན་ཡོད་པ་རེད།
     “ཕྱི་རྒྱལ་རྩལ་སློབ་དགེ་རྒན”གྱི“འཇའ་ཚོན་གྱི་ཕ་ཡུལ”
     ཁྱིམ་གྱི་སྒོ་འགྲམ་དུ་ཝང་ཆིའུ་སྤོ་ལོ་རྒྱག་སྟངས་སྦྱོང་ཐུབ་པ་དང་། རང་ཉིད་ཀྱིས་ཡིད་སྨོན་བྱེད་སའི་ཝང་ཆིའུ་སྤོ་ལོ་མཁས་ཅན་ལི་ན་དང་འདྲ་བར་སྤོ་ལོའི་ཐང་དུ་རྔུལ་ཆུ་འདོན་རྒྱུ་བྱུང་བ་ལ་སོགས་ནི་ལོ་8སོན་པའི་ལི་ཅ་རུང་གི་ཡིད་ལ་འཁོར་མྱོང་མེད་ལ། དེ་བས་བསམ་ཡུལ་ལས་འདས་པ་ཞིག་ནི་རྩལ་སློབ་དགེ་རྒན་ནི་ཕྱི་རྒྱལ་བ་ཞིག་རེད།
     ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ལ་ས་གནས་དེ་གའི་ཧོར་རིགས་མང་ཚོགས་ཀྱི་སྲོལ་རྒྱུན་གྱོན་ཆས་ནི་ཚོས་གཞི་བདུན་ལས་གྲུབ་ཅིང་། འཇའ་ཚོན་ལྟར་སྣང་བས“འཇའ་ཚོན་གྱི་ཕ་ཡུལ”ཞེས་པའི་མཚན་སྙན་ལྡན་ཡོད་པ་དང་། དེ་ལེའུ་ཕན་རི་བོའི་གཅིག་སྡུད་ཡུག་འབྲེལ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཁོངས་སུ་གཏོགས་ཤིང་། ཆའོ་ཤིས་ཀྱིས“གྲོང་ཁྱེར་ཆེན་པོའི་ཕྲུ་གུའི་ངོས་ནས་བརྗོད་ན། ཝང་ཆིའུ་སྤོ་ལོ་ནི་དཔེ་གསར་ཞིག་མ་རེད། ཡིན་ནའང་གནས་དེ་གའི་ཕྲུ་གུ་ཝང་ཆིའུ་སྤོ་ལོར་རྒྱུས་མངའ་མེད་པས། ངས་ཕྲུ་གུ་དེ་བས་མང་བར་ཝང་ཆིའུ་སྤོ་ལོ་རྒྱག་སྟངས་སློབ་འདོད་ཡོད”ཅེས་བརྗོད་ལ། 2017ལོར། ཆའོ་ཤིས་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་ཡོང་ནས་ཁོང་གི་བྱ་གཞག་སྒྲུབ་འགོ་ཚུགས་པ་རེད།
     མིག་སྔར། ཆའོ་ཤིས་ཀྱི་རྩལ་སློབ་དགེ་རྒན་རུ་ཁག་ནང། ཧོར་རིགས་དང་། བོད་རིགས། ཁྲའོ་ཞན་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་རྩལ་སློབ་དགེ་རྒན་ཡོད་པ་དང་། རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བས་ཆའོ་ཤིས་ལ་སྤྲོ་སྣང་ལྡན་པའི་མྱོང་ཚོར་ཞིག་བྱུང་ཞིང་། ཁོང་གིས“ད་ཆ། ངའི་འཁྲིས་སུ་ཡོད་པའི་མི་མང་པོས་ཞིང་འདེབས་ཀྱི་ཡོད་པས། ཞིང་བྲེལ་སྐབས། རྩལ་སློབ་དགེ་རྒན་ཁ་ཤས་ཞོག་ཁོག་འཐུ་བར་འགྲོ་བ་དང་ནང་མིར་ཞིང་ལས་བྱེད་རོགས་ལ་འགྲོ་དགོས་ཀྱི་ཡོད”ཅེས་བརྗོད་པ་དང་། ཆའོ་ཤིས་ཀྱིས་རང་ཉིད་ཀྱི་སྣེ་ཁྲིད་འོག་ས་གནས་དེ་གར་རྩལ་སློབ་དགེ་རྒན་དེ་བས་མང་བ་གསོ་སྦྱོང་བྱས་ནས་ཝང་ཆིའུ་སྤོ་ལོའི་ལུས་རྩལ་མཚོ་སྔོན་དུ་ཁྱབ་གདལ་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།