འཚོལ་བཤེར།   
藏文频道
2020ལོའི་ཟླ་6ཚེས་23ཉིན།

༄༅།།ཏོག་གསར་ནད་དུག་བསྐྱར་བཟོར་འགོག་ཐབས་ཤིག་བྱུང་། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 06ཚེས་23ཉིན། 16:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ཆར་ཨོ་སི་ཁྲུ་ལི་ཡའི་ཚན་ཞིབ་མི་སྣས་རྩིས་འཁོར་ཀྱིས་འདྲ་བཟོ་བྱས་པ་བརྒྱུད། མིང་ལa-ཐོན་ཤན་ཨེན་13bཟེར་བའི་འདྲེས་སྦྱོར་དངོས་རྫས་ཤིག་ལ་ཏོག་གསར་ནད་དུག་བསྐྱར་བཟོ་བྱ་རྒྱུར་བཀག་འགོག་ནུས་ལྡན་ཐུབ་ཀྱི་ཡོད་ཟེར། ཞིབ་འཇུག་མི་སྣས་འདྲེས་སྦྱོར་དངོས་རྫས་འདི་ལ་ཏོག་གསར་ནད་དུག་འགོག་པའི་སྨན་རྫས་ཀྱི་མངོན་མེད་ནུས་ཤུགས་ལྡན་པར་འདོད།
    ཨོ་སི་ཁྲུ་ལི་ཡའི་མོ་ན་ཧྲི་སློབ་ཆེན་གྱི་མཐོ་རིམ་ཞིབ་འཇུག་པ་ཐང་མུ་ཁ་ལ་དབྱང་ཉི་སིས་གསར་འགོད་པར་བཤད་དོན། ཁོང་ཡོད་སའི་ཞིབ་འཇུག་ཚོགས་པས་རིམ་འདས་རྩིས་འཁོར་གྱི་འདྲ་བཟོ་བྱས་ཏེ་a-ཐོན་ཤན་ཨེན་13bཡིས་ཏོག་གསར་ནད་དུག་ལ་ཁ་གཏད་གཅོག་པའི་ཕན་འབྲས་ལ་དབྱེ་ཞིབ་བྱས་པ་རེད། འདྲ་བཟོ་བྱས་པའི་མཇུག་འབྲས་ལས་མངོན་གསལ། འདྲེས་འགྱུར་རྫས་འདི་ཡིས་ཏོག་གསར་ནད་དུག་གི་སྤྲི་དཀར་རྩབས་གཙོ་བོའི་གྲུང་གཤིས་གནས་དང་ཟུང་འབྲེལ་དམ་པོ་བྱེད་ཐུབ་ཅིང་། དེ་ལས་སྤྲི་དཀར་རྩབས་གཙོ་བོའི་གྲུང་གཤིས་ཚོད་འཛིན་བྱེད་ཐུབ་པས། དེ་ནས་ནད་དུག་བསྐྱར་བཟོ་བྱེད་པར་བཀག་འགོག་བྱེད་ཐུབ་ཅིང་། དུས་ཡུན་རིང་པོའི་འདྲ་བཟོའི་ཁྲོད་མཉམ་འདྲེས་འདི་སྔར་བཞིན་གཏན་འཇགས་ཡིན།
    སྤྲི་དཀར་རྩབས་གཙོ་བོ་ཡིས་ཏོག་དབྱིབས་ནད་དུག་གི་བརྒྱུད་འབེབ་དང་བསྐྱར་བཟོ་བྱེད་པའི་གོ་རིམ་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། དེའི་རྐྱེན་གྱིས་ནད་དུག་འགོག་པའི་སྨན་རྫས་ཇུས་འགོད་བྱེད་ས་གཙོ་བོ་ཞིག་ཏུ་གྱུར། དེ་སྔོན་ཀྲུང་གོའི་ཚན་ཞིབ་མི་སྣས《ཚན་རིག》དུས་དེབ་ཐོག་ཏོག་གསར་ནད་དུག་གི་སྤྲི་དཀར་རྩབས་རྒྱུ་གཙོ་བོ་བྱས་པའི་འདྲེས་སྦྱོར་དངོས་རྫས་རིགས་གཉིས་ལ་སྨན་རྫས་གསར་སྤེལ་བྱེད་པའི་མི་མངོན་པའི་ནུས་པ་ལྡན་ཡོད་ཅེས་སྙན་ཞུ་བྱས་པ་རེད།
    ཁ་ལ་དབྱང་ཉི་སིས་ངོ་སྤྲོད་བྱས་པར་གཞིགས་ན། འཇར་མན་ལུའེ་པེ་ཁེ་སློབ་ཆེན་གྱི་ཚན་ཞིབ་མི་སྣས་དམིགས་བསལ་གློ་ཚད་ཀྱི་རིམས་ནད་ཐོན་རྗེས་སྤྲི་དཀར་རྩབས་གཙོ་བོ་དེ་དམིགས་སུ་བྱས་ནས་a-ཐོན་ཤན་ཨེན་རིགས་ཀྱི་སྤྱི་ཁྱབ་ནད་དུག་འགོག་པའི་འདྲེས་སྦྱོར་དངོས་རྫས་ཞིབ་བཟོ་བྱས་པ་དང་། ད་ལོའི་ཟླ་5པར“ལེགས་བཅོས་པར་གཞི”a-ཐོན་ཤན་ཨེན་13bཡི་འབྲེལ་ཡོད་གྲངས་གཞི་ཁྱབ་བསྒྲགས་བྱས་པ་རེད། ཕྲ་ཕུང་གསོ་སྐྱོང་དངོས་བཤེར་གྱིས་འདྲེས་འགྱུར་རྫས་འདིས་ནད་དུག་གསར་བ་འགོག་ཐུབ་པ་དང་། མ་འོངས་པར་འདི་ལ་གཞིགས་ནས་སྨན་ནང་བསྡུ་ཚུལ་གྱི་སྨན་རྫས་གསར་བ་ཞིག་གསར་སྤེལ་བྱེད་ཐུབ་པར་བདེན་དཔང་བྱས་ཡོད།
    འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ནི་རྒྱལ་སྤྱིའི་《རྩིས་འཁོར་སྐྱེས་དངོས་དང་རྫས་འགྱུར》དུས་དེབ་ཐོག་སྤེལ་ཡོད་ཅིང་། ཁ་ལ་དབྱང་ཉི་སི་ཡིས། ཁོང་ཡོད་སའི་ཞིབ་འཇུག་ཚོགས་པས་ད་དུང་སྔར་བཞིན་རྩིས་འཕྲིན་འདྲ་བཟོ་དབྱེ་ཞིབ་ལ་དོ་ཁུར་བྱེད་བཞིན་ཡོད་པ་དང་། མུ་མཐུད་དུ་ནད་དུག་འགོག་པ་ལ་མངོན་མེད་ནུས་པ་ལྡན་པའི་འདྲེས་སྦྱོར་དངོས་རྫས་ཞིབ་བཤེར་བྱ་རྒྱུ་ཡིན་པ་བསྟན།